ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུའུ་ཁུའུ་མན་སི་ཐན་གྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་བསྒྲགས་གཏམ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་འཚམས་འདྲིར་ཡོང་བའི་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་བསྒྲགས་གཏམ་བཀོད། 

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་དང་མཉམ་དུ་གྲོས་མོལ་བྱས། ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་ནི་ཐུའུ་ཁུའུ་མན་སི་ཐན་གྱི་དཔལ་འབྱོར་གྲོགས་པོ་གཙོ་བོ་ཞིག་ཡིན་ཞིང་། ནུས་ཁུངས་ནི་ཕྱོགས་གཉིས་མཉམ་ལས་ཀྱི་གནད་འགག་ཁྱབ་ཁོངས་ཤིག་ཡིན་ལ། ཐོན་ལས་ཀྱི་མཉམ་ལས་ལས་གཞི་ཆེན་པོ་སྐོར་ཞིག་བདེ་བླག་ངང་སྤེལ་བཞིན་ཡོད་ཟེར། 

པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་ཡིས་བསྟན་དོན། ལོ་མང་བོའི་རིང་ལ་ཐུའུ་ཁུའུ་མན་སི་ཐན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཁྱབ་ཁོངས་མང་བོ་ནས་བདེ་བླག་ངང་འཕེལ་རྒྱས་སུ་སོང་ཡོད་ལ། ཕྱོགས་གཉིས་ཀྱི་བཟོ་ལས་དང་ནུས་ཁུངས། ཞིང་ལས་བཅས་ཁྱབ་ཁོངས་སུ་མཉམ་འབྲེལ་ལས་གཞི་ལག་བསྟར་བྱེད་པར་སྦས་ཤུགས་ཆེན་པོ་ཡོད་ཟེར། 

ད་ལོ་ནི་ཨུ་རུ་སི་དང་ཐུའུ་ཁུའུ་མན་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་པ་དང་། ཐེངས་འདིར་ཨུ་རུ་སིར་འཚམས་འདྲི་བྱས་པ་ནི་པེ་ཨར་ཏི་མུའུ་ཧཱ་མཱེ་ཏའོ་ཧྥུའུ་ཡིས་ཟླ་གསུམ་པར་ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཕྱི་རྒྱལ་དུ་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།