ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་འཛམ་གླིང་ཧྲིལ་བོ་དུས་རབས་ཉེར་གཅིག་ཚུན་གྱི་ཆེས་ཚབས་ཆེ་བའི་འཚོ་བའི་མ་རྩའི་ཉམས་ཉེན་ལ་འཕྲད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དྲུག་པའི་ཚེས་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས། དངུལ་ལོར་ཉམས་ཉེན་བཅས་ཐག་གཅོད་བྱེད་པའི་ཚན་ཆུང་གི་སྙན་ཞུའི་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་གཏམ་བཤད་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས། དངུལ་ལོར་ཉམས་ཉེན་བཅས་ཐག་གཅོད་བྱེད་པའི་ཚན་ཆུང་གིས་ཚེས་བརྒྱད་ཉིན་སྙན་ཞུ་སྤེལ་ཏེ། ཝུའུ་ཁི་ལན་གྱི་འཁྲུག་རྩོད་སོགས་ཀྱི་ཤུགས་རྐྱེན་དབང་གིས་འཛམ་གླིང་ཧྲིལ་བོ་དུས་རབས་ཉེར་གཅིག་ཚུན་གྱི་ཆེས་ཚབས་ཆེ་བའི་འཚོ་བའི་མ་རྩའི་ཉམས་ཉེན་ལ་འཕྲད་ཡོད་པ་དང་། འགྲན་རྩོད་ཐག་གཅོད་བྱེད་ཆེད་རྒྱལ་ཁབ་སོ་སོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཉམས་ཉེན་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་དགོས་ཟེར། 

སྙན་ཞུ་ལས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་དང་ནུས་ཁུངས། ལུད་རྫས་བཅས་ཀྱི་ཚོང་རར་གོ་གནས་གལ་ཆེན་ཟིན་ཡོད་ཅིང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འབྲུ་རིགས་དང་ནུས་ཁུངས། ལུད་རྫས་བཅས་ཀྱི་རིན་གོང་ཇེ་མཐོར་སོང་ཡོད། དེའི་ཞོར་དུ་འཁྲུག་རྩོད་དེ་ནི་འཛམ་གླིང་ཧྲིལ་བོ་པྲོག་གསར་གློ་ཚད་རིམས་ནད་དང་ནམ་ཟླའི་འགྱུར་ལྡོག་གི་ཉམས་ཉེན་ཁྲོད་གནས་པའི་སྐབས་སུ་བྱུང་བ་ཡིན་སྟབས་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་འགྲན་རྩོད་སྔར་ལས་ཇེ་ཆེར་གྱུར་ཡོད་ཟེར། 

སྙན་ཞུ་ལས་བཤད་རྒྱུར། ཀུན་གྱིས་སེམས་ཁུར་བྱེད་པ་ནི་ཉམས་ཉེན་དེའི་གནོད་པ་ཡུན་ནས་ཡུན་དུ་གནས་པ་དེ་ཡིན་ཟེར། སྙན་ཞུ་ལས་དཔེ་དྲངས་ནས་བཤད་རྒྱུར། འབར་རྫས་དང་ལུད་རྫས་ཀྱི་རིན་གོང་མཐོན་པོས་ཞིང་ལས་ཀྱི་ཐོན་སྐྱེད་མ་རྩལ་ཇེ་མཐོར་བཏང་ཡོད་ཅིང་། དེ་ལས་ཟས་རིགས་རིན་གོང་འཕར་བ་དང་ཞིང་ལས་ཀྱི་ཐོན་ཚད་ཇེ་དམའ་རུ་འགྲོ་སྲིད་ལ། ཁྱིམ་ཚང་མང་བོ་ཞིག་གི་ནོར་སྲིད་ཡོང་འབབ་ཇེ་ཉུང་དུ་འགྲོ་བ་དང་དབུལ་ཕོངས་ཀྱི་གནས་བབ་ཇེ་སྡག་ཏུ་འགྲོ་བ། འཚོ་བའི་ཆུ་ཚད་ཇེ་དམའ་རུ་འགྲོ་སྲིད་པར་མ་ཟད། སྤྱི་ཚོགས་ཀྱི་གཏན་འཇགས་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་སྲིད་ཟེར། 

སྙན་ཞུ་ལས་བལྟས་ན། གནས་བབ་ངན་པའི་རྒྱུན་གཏོར་བར་ཕྱོགས་གཉིས་ནས་དམ་འཛིན་བྱེད་དགོས་ཏེ། ཕྱོགས་གཅིག་ནི་རིན་གོང་ཇེ་མཐོར་སོང་བ་ལས་བྱུང་བའི་གནོད་རྐྱེན་ཞི་འཇགས་སུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནི་རྒྱལ་ཁབ་སོ་སོ་དང་མི་དམངས་ཀྱི་ཉམས་ཉེན་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་དགོས་པར་འདོད། 

སྙན་ཞུ་ལས་འགྲེལ་བཤད་བྱས་དོན། རིན་གོང་ཇེ་མཐོར་འགྲོ་བའི་གནོད་རྐྱེན་ཞི་འཇགས་སུ་གཏང་ཆེད། ཚོང་རས་ངེས་པར་དུ་གཏན་འཇགས་སྲུང་འཛིན་བྱེད་དགོས། ཝུའུ་ཁི་ལན་དང་ཨུ་རུ་སིའི་འབྲུ་རིགས་དང་ལུད་རྫས་དེ་ངེས་པར་དུ་རྒྱལ་སྤྱིའི་ཚོང་རར་འགྲེམ་དགོས། བྱེད་ཐབས་གཞན་པར་ཚོང་རར་འབྲུ་རིགས་དང་ནུས་ཁུངས་ཀྱི་འཐབ་ཇུས་གསོག་འཇོག་འདོན་སྤྲོད་བྱེད་པ་དང་། ཚོང་རའི་ཉར་འཇོག་དང་སྐབས་འཚོལ་བྱ་སྤྱོད་གཞན་པར་ཚོད་འཛིན་བྱེད་པ། དགོས་མེད་ཀྱི་ཚོང་རའི་ཚོད་འཛིན་བྱེད་ཐབས་སྔོན་འགོག་བྱེད་པ་སོགས་འདུས། རྒྱལ་ཁབ་སོ་སོ་དང་མི་དམངས་ཀྱི་ཉམས་ཉེན་ཐག་གཅོད་ནུས་པ་ཇེ་མཐོར་གཏོང་བར་སྤྱི་ཚོགས་འགན་སྲུང་མ་ལག་དང་སྤྱི་ཚོགས་བདེ་འཇགས་དྲ་རྒྱར་ངེས་པར་དུ་ཤུགས་སྣོན་བྱེད་དགོས་ལ། སྲིད་གཞུང་གི་ནོར་སྲིད་བར་སྟོང་ངེས་པར་དུ་ཇེ་ཆེར་གཏོང་དགོས་ཟེར། 

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ནུས་ཁུངས། དངུལ་ལོར་བཅས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཚན་ཆུང་རྩ་འཛུགས་བྱས་ཏེ། གནས་བབ་ལ་དཔྱད་འཇོག་དང་ཐབས་ཇུས་འཚོལ་ཞིབ་བྱས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།