ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་ཡིས་སི་ཕན་བར་གྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆིངས་ཡིག་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨར་ཅི་རི་ཡཱ་ཡིས་སི་ཕན་བར་བཀོད་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་སྒྲོམ་གཞིར་བྱེད་པའི་མཛའ་མཐུན་དང་ཁྱིམ་མཚེས། མཉམ་ལས་བཅས་ཀྱི་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད། 

གསལ་སྒྲོག་ལས་བཤད་རྒྱུར། ད་ལོའི་ལོ་སྟོད་དུ་སི་ཕན་གྱིས་སཱ་ཧཱ་ལཱ་ནུབ་མའི་གནད་དོན་ཐད་ཀྱི་དབུས་གནས་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་སྟེ། མངོན་སུམ་འཛེམ་མེད་ཀྱིས་མའོ་ལོ་ཀིར་རྒྱབ་སྐྱོར་བྱས། སི་ཕན་སྲིད་གཞུང་གི་བྱ་སྤྱོད་དེ་རང་གི་བཅའ་ཁྲིམས་དང་ཀུན་སྤྱོད། ཆབ་སྲིད་འོས་འགན་བཅས་ལ་རྒྱབ་འགལ་དུ་གྱུར་ཡོད་པར་མ་ཟད། སཱ་ཧཱ་ལཱ་ནུབ་མ་དང་ས་ཁུལ་ཧྲིལ་བོའི་གནས་བབ་ཇེ་སྡུག་ཏུ་གཏང་སྲིད་པས། ཨར་ཅི་རི་ཡཱའི་སྲིད་གཞུང་གིས་སི་ཕན་བར་ཉིས་སྟོང་གཉིས་ལོར་བཀོད་པའི་མཛའ་མཐུན་དང་ཁྱིམ་མཚེས། མཉམ་ལས་བཅས་ཀྱི་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར། སི་ཕན་གྱི་ཕྱི་འབྲེལ་བློན་ཆེན་ཨར་ཝ་ལོས་སི་ཡིས་ཉིན་དེར་གསར་འགྱུར་སྨྱན་བྱད་ལ་བཤད་རྒྱུར། ཨར་ཅི་རི་ཡཱའི་བར་གྱི་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་འདོད་ཡོད་པར་མ་ཟད། རང་བྱུང་སོལ་རླངས་ཀྱི་མཁོ་འདོན་ལ་གནད་དོན་ཡོད་པར་སེམས་ཁུར་མི་བྱེད་པའི་ཚུལ་བསྟན། དེ་ལས་གཞན་ཨར་ཅི་རི་ཡཱ་ཡིས་རང་གི་དམ་བཅའ་ལག་བསྟར་བྱེད་སྲིད་པ་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།