ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མང་བོ་སྐབས་དགུ་བའི་མེ་གླིང་མཐོ་རིམ་གྲོས་ཚོགས་ལ་ཞུགས་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་དགུ་བའི་མེ་གླིང་མཐོ་རིམ་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོ་ཚེས་བརྒྱད་ཉིན་ཨ་མེ་རི་ཁའི་ལོ་ཧྲན་ཅི་ནས་སྤེལ་བ་དང་། ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས་ལ་དགའ་བོ་མེད་པས། མེ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མང་བོ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་མེད། 

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་། གཙོ་བོ་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཚོད་འཛིན་བྱེད་པ་དང་། དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་སོགས་ལ་དོ་སྣང་བྱེད་བཞིན་ཡོད། དེ་ནི་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་མེ་གླིང་གི་མཐོ་རིམ་གྲོས་ཚོགས་སྐབས་ཐོག་མ་སྤེལ་བའི་ཚུན་ལ། ཨ་མེ་རི་ཁས་མེ་གླིང་ལྷོ་བྱང་དབུས་གསུམ་དང་ཅཱ་ལེ་པུས་ས་ཁུལ་གྱི་མགོ་ཁྲིད་པ་གཅིག་ཏུ་འདུས་ནས་ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ལས་དོན་ལ་གྲོས་བསྡུར་བྱེད་པར་དམིགས་པའི་གྲོས་ཚོགས་དེ་ཡང་བསྐྱར་གཙོ་སྒྲུབ་བྱས་པ་རེད། 

དེའི་སྔོན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཙོའི་གནད་དོན་རྒྱུ་མཚན་དུ་བྱས་ཏེ། ཁུ་པཱ་དང་ནི་ཁཱ་ར་ཀྭ། ཝེ་ནེ་ཙུའེ་ལཱ་བཅས་ཀྱི་མགོ་ཁྲིད་པ་མེ་གླིང་གི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་མ་བྱས་པ་དང་། ལཱ་ཏེན་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་མང་བོ་དེར་དགའ་བོ་མེད་པ་དང་། མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ངོ་རྒོལ་བྱེད་རྒྱུ་ཁྱབ་བསྒྲགས་བྱས། དེ་ལས་གཞན་ཝེ་ཏི་མཱ་ལཱ་དང་ཧོང་ཏུ་ར་སི། སར་ཝེ་ཏའོ་སོགས་རྒྱལ་ཁབ་ཀྱིས་ཀྱང་རིམ་པ་དམའ་བའི་འཐུས་ཚབ་ཚོགས་པ་ཙམ་ལས་མངག་མེད། 

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བལྟས་ན། མེ་གླིང་གི་རྒྱལ་ཁབ་དག་གི་མགོ་ཁྲིད་པ་མང་བོ་མ་ཞུགས་པ་ལས་པེད་ཏིན་གྱི་གཏམ་བཤད་དང་དེ་མིན་གྲོས་ཚོགས་གྲོལ་རྗེས་ཀྱི་མཉམ་པར་བཅས་ལས་མེ་གླིང་རྒྱལ་ཁབ་དག་མཐུན་སྒྲིལ་ཡིན་པའི་སྣང་ཚུལ་ངོམས་པའི་དཔེ་མཚོན་དོན་སྙིང་ཉམས་པ་ཡིན་ལ། གྲོས་ཚོགས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་དངོས་སུ་འཚོལ་ཞིབ་བྱེད་ཐབས་མེད་པར་གྱུར་ཡོད་པར་འདོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།