ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཝེ་ནེ་ཙུའེ་ལཱ་ཡིས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 

ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་ཡིས་ཝེ་ནེ་ཙུའེ་ལཱར་དམིགས་པའི་བཀག་སྡོམ་བྱེད་ཐབས་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཝེ་ནེ་ཙུའེ་ལཱར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་ནུས་ཁུངས། གཏེར་འདོན། བཟོ་སྐྲུན། འཕྲོད་བསྟེན། ཞིང་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཁ་གསབ་རང་བཞིན་གྱིས་ཁྱབ་ཁོངས་གསར་བའི་མཉམ་ལས་དང་རོགས་རེས་དངུལ་གཏོང་ཐད་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་དང་ཝེ་ནེ་ཙུའེ་ལཱ་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ན་ནིང་མེ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔར་བསླེབས་པ་དང་། ད་ལོར་མེ་སྒོར་ཐེར་འབུམ་གཅིག་ལ་བསླེབ་སྲིད་ལ། རྒྱལ་ཁབ་གཉིས་ཀྱི་དམིགས་འབེན་ནི་གང་མགྱོགས་སྒོས་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་གསུམ་ལ་བསླེབ་ཏུ་འཇུག་རྒྱུ་དེ་ཡིན་ཟེར། 

མཱ་ཏུའུ་ལོ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐུར་ཁེ་ཡིས་ཐོག་མཐའ་བར་གསུམ་དུ་ཝེ་ནེ་ཙུའེ་ལཱར་རྒྱབ་སྐྱོར་བྱས་པ་དང་། ཝེ་ནེ་ཙུའེ་ལཱའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་ཐད་རོགས་རམ་བྱས་པར་བཀའ་དྲིན་ཞུས། མཱ་ཏུའུ་ལོ་ཡིས་ཐུར་ཁེའི་ཁེ་ལས་ཝེ་ནེ་ཙུའེ་ལཱ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུས་པ་དང་། ཝེ་ནེ་ཙུའེ་ལཱ་ཡིས་ཐུར་ཁེའི་དངུལ་གཏོང་མཁན་ལ་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན། 

མཱ་ཏུའུ་ལོ་ཡིས་ཚེས་བརྒྱད་ཉིན་ནས་བཟུང་ཐུར་ཁེ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་བྱེད་མགོ་བརྩམས། འཚམས་འདྲིའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་ཡུལ་སྐོར་དང་ཞིང་ལས། དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གྲོས་མཐུན་བཀོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།