ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཕྱོགས་གཉིས་ཀྱི་གྲོས་མོལ་ཚོགས་པའི་བྱ་བ་སླར་གསོ་བྱེད་རྒྱུ་དེ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་གྲོས་མོལ་བྱེད་པའི་གནས་ཚུལ་གླེང་སྐབས། ཐོག་མར་ངེས་པར་དུ་ཕྱོགས་གཉིས་ཀྱི་གྲོས་མོལ་ཚོགས་པའི་བྱ་བ་སླར་གསོ་བྱེད་དགོས་པའི་ཚུལ་བསྟན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་ནས་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་དང་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་སྨྱན་བྱད་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བསམ་བློ་གཏོང་ས་ནི་ཐོག་མར་ངེས་པར་དུ་ཕྱོགས་གཉིས་ཀྱི་གྲོས་མོལ་ཚོགས་པའི་བྱ་བ་སླར་གསོ་བྱེད་རྒྱུ་དེ་ཡིན་ལ། ཐག་གཅོད་དབང་ཆ་ཝུའུ་ཁི་ལན་ལ་ཡོད། ཟླ་བཞི་བའི་ཟླ་དཀྱིལ་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་གྲོས་མཐུན་འཆར་ཟིན་ཞིག་སྤྲད་རྗེས་ཝུའུ་ཁི་ལན་ཕྱོགས་ཀྱིས་ད་ལྟའི་བར་ལན་ཅི་ཡང་བྱིན་མེད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཡང་ནས་ཡང་དུ་གལ་ཏེ་ཨུ་རུ་སིའི་དམག་དཔུང་དེ་འཁྲུག་རྩོད་མ་བྱུང་སྔོན་གྱི་དམག་དོན་རྒྱལ་མཚམས་སུ་ཕྱིར་འཐེན་བྱས་ན་ད་གཟོད་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱེད་ཐུབ་པའི་ཚུལ་བསྟན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། དེ་ནི་གཟབ་ནན་མིན་པའི་རྣམ་འགྱུར་ཅིག་ཡིན་པ་དང་། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཟླ་གསུམ་པའི་ཚེས་ཉེར་དགུ་ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་བཏོན་པའི་གྲོས་གཞི་དང་རྒྱབ་འགལ་དུ་སོང་ཡོད་པར་འདོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།