ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱིས་པའོ་ལོ་ཏི་མཚོ་ཁོངས་ནས་ལོ་རེའི་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་པའོ་ལོ་ཏི་མཚོ་ཁོངས་སུ་ལོ་རེའི་དམག་དོན་སྦྱོང་བརྡར་སྤེལ་བ་དང་། རྒྱལ་ཁབ་བཅུ་དྲུག་ནས་ཡོང་བའི་དམག་དོན་གྲུ་གཟིངས་བཞི་བཅུ་ཉིན་དེར་སུའེ་ཏེན་གྱི་སི་ཏི་ཀི་ཨར་མའོ་གྲུ་ཁ་ནས་པའོ་ལོ་ཏི་མཚོ་ཁོངས་སུ་སོང་། 

སུའེ་ཏེན་གྱི་དྲག་ཆས་དམག་དཔུང་གིས་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ད་ལོའི་དམག་དོན་སྦྱོང་བརྡར་ལ་པའོ་ལོ་ཏི་མཚོ་ཁོངས་ཀྱི་འགུལ་སྐྱོད་ཅེས་སུ་འབོད། དམག་དོན་སྦྱོང་བརྡར་དེ་པའོ་ལོ་ཏི་མཚོ་ཁོངས་ལྷོ་བརྒྱུད་ནས་སྤེལ་བ་དང་། ཚེས་བཅུ་བདུན་ཉིན་བར་སྤེལ་རྒྱུ་རེད། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་དེའི་སྔོན་གསར་འགྱུར་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཨ་མེ་རི་ཁའི་གྲུ་གཟིངས་རུ་ཁག་དྲུག་པས་སྣེ་ཁྲིད་ཅིང་། བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གིས་ལག་བསྟར་བྱས་པ་རེད། དེའི་དམིགས་ཡུལ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་དེའི་གྲོགས་པོའི་རྒྱལ་ཁབ་ཀྱི་གོང་བུར་སྒྲིལ་ཤུགས་དང་དངོས་འཐབ་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་རེད། ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་མཚོ་དམག་དང་མཁའ་དམག་གི་རོགས་རེས་མཁའ་སྲུང་དང་། མཚོ་ཐོག་གི་འགོག་རྒོལ་འགུལ་སྐྱོད། ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཐབ་འཁྲུག ཆུ་འོག་འགད་རྫས་ལ་རྒོལ་བ། ཆུ་སྐམ་གཉིས་ཀྱི་འཐབ་འཛིང་འགུལ་སྐྱོད། སྨན་བཅོས་འཕྲལ་སྒྲུབ་དང་སྔོག་བཤེར་སོགས་ཀྱི་ནང་དོན་འདུས། ཏན་མག་དང་ཨེ་སོ་ནི་ཡཱ། དབྱིན་ཇི། ཨ་མེ་རི་ཁ་སོགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་བཞི་དང་། དེ་མིན་བྱང་ཆིངས་རྩ་འཛུགས་ཀྱི་གྲོགས་པོའི་རྒྱལ་ཁབ་ཧྥུན་ལན་དང་སུའེ་ཏེན་སོགས་ནས་ཡོང་བའི་བསྡོམས་པས་མཚོ་དོན་ལས་ཁུངས་ཞེ་ལྔ་ཙམ་དང་། གནམ་གྲུ་དོན་ལྔ། དམག་དོན་མི་སྣ་སྟོང་བདུན་ཙམ་དམག་དོན་སྦྱོང་བརྡར་ལ་ཞུགས་ཡོད། 

སུའེ་ཏེན་དང་ཧྥུན་ལན་གྱིས་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་དངོས་སུ་རེ་ཞུ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལོ་མང་བོའི་རིང་དམག་དོན་མནའ་འབྲེལ་མི་བྱེད་པའི་སྲིད་ཇུས་བསྒྱུར་བ་རེད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀི་ལུའུ་ཧྲི་ཁི་ཡིས་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་བསྟན་དོན། སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མི་འཚམ་ལ། ཡོ་རོབ་གླིང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་ཡང་ཕན་ཐོགས་མེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།