ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཁྱབ་ཁོངས་སྔར་ལས་རྒྱ་ཆེན་པོ་ནས་མཉམ་ལས་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་ཉེར་བདུན་ཉིན་དབྱི་སི་ཐན་པོར་ནས་འཚམས་འདྲིར་ཡོང་བའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་བློན་ཆེན་ཨ་པུའུ་ཏུའུ་ལཱ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དངུལ་གཏོང་ལས་གཞི་ཁ་སྣོན་བྱས་ཏེ་སྔར་ལས་རྒྱ་ཆེ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཁས་ལེན་བྱས། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱིས་ལས་ཁུངས་མང་བོ་བརྒྱུད་དེ་ཉོ་ཚོང་དང་ཞིང་ལས། རྒྱལ་སྲུང་བཟོ་ལས། འཕྲོད་བསྟེན། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་འབྲེལ་བ་ལེགས་བཅོས་བྱེད་པ་དང་། རྒྱལ་ཁབ་གཞན་པ་ནས་མཉམ་ལས་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱིས་ནམ་རྒྱུན་ཆེས་གལ་ཆེ་བའི་གཞུང་ལམ་ལས་གཞི་སྤེལ་བཞིན་ཡོད་པ་དང་། ལས་གཞི་དེ་དག་གིས་དབྱི་རག་བརྒྱུད་དེ་མཚོ་ཁུགས་ས་ཁུལ་དང་ཡོ་རོབ་གླིང་གཞི་གཅིག་ཏུ་སྦྲེལ་ཡོད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཕྱོགས་ཡོངས་ཀྱི་ཉོ་ཚོང་གྲོས་ཆོད་ཅིག་འགོད་རྒྱུ་ཡིན། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་བརྒྱད་ལ་བསླེབས་ཡོད་པ་དང་། ཅང་མི་འགོར་བའི་མ་འོངས་པར་མེ་སྒོར་ཐེར་ཆེན་གཅིག་གི་དམིགས་འབེན་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐཱན་གྱི་ཕྱིར་གཏོང་ཚད་ཇེ་ཉུང་དུ་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་པར་འདོད། 

ན་ནིང་ཟླ་བཅུ་གཅིག་པའི་ཚུན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཐུར་ཁེའི་མགོ་ཁྲིད་པས་ཕན་ཚུན་ལ་འཚམས་འདྲི་བྱེད་པ་མངོན་འགྱུར་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།