ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་བྱེ་བྲག་གི་འགུལ་སྐྱོད་སྤེལ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་ཉེར་བདུན་ཉིན་བསྟན་དོན། སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་བྱེ་བྲག་གི་འགུལ་སྐྱོད་སྤེལ་དགོས་པ་དང་། འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་དབྱི་སི་ཐན་པོར་ནས་རོ་མཱ་ནི་ཡཱ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་སུའེ་ཏེན་དང་ཧྥུན་ལན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་འདོད་ན། ངེས་པར་དུ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་ལ། ཐུར་ཁེ་ཡིས་རྒྱལ་ཁབ་དེ་གཉིས་ཀྱིས་བྱེ་བྲག་གི་འགུལ་སྐྱོད་སྤེལ་བར་རེ་སྒུག་བྱས་ཡོད་ཟེར། 

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཡིས་ཉེ་སྔོན་སུའེ་ཏེན་དང་ཧྥུན་ལན་གཉིས་ལ་རེ་བའི་གསལ་ཁྲ་ཞིག་བཏོན་ཡོད་པ་དང་། དེའི་ནང་ཐུར་ཁེ་ཕྱོགས་ཀྱི་བདེ་འཇགས་ཐད་ཀྱི་སེམས་ཁུར་དང་རེ་འདུན་འདུས་ཡོད། ཐུར་ཁེ་ཡིས་ཧྥུན་ལན་དང་སུའེ་ཏེན་གྱི་བདེ་འཇགས་ཐད་ཀྱི་སེམས་ཁུར་ལ་རྒྱུས་ལོན་བྱེད་ཐུབ་ཀྱང་། ཐུར་ཁེ་ཕྱོགས་ཀྱི་ཁྲིམས་མཐུན་བདེ་འཇགས་ཐད་ཀྱི་སེམས་ཁུར་ལའང་བཟོད་སྒོམ་ཐོབ་དགོས་ཟེར། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཁཱ་ལིན་གྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། འདས་པའི་ལོ་ངོ་བཅུའི་ནང་། ཐུར་ཁེ་ཡིས་སུའེ་ཏེན་དང་ཧྥན་ལན་རྒྱལ་ཁབ་གཉིས་ལ་འཇིགས་སྐུལ་རིང་ལུགས་ཀྱི་དོགས་ཡོད་ཉེས་ཅན་ཕྱིར་སྐྱེལ་བའི་རེ་བ་ཐེངས་མང་བོར་བཏོན་ཡང་། རྒྱལ་ཁབ་དེ་གཉིས་ཀྱིས་ད་ལྟའི་བར་ལན་ཡིད་ཚིམ་པ་ཞིག་བྱིན་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།