ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་རྒྱལ་དམངས་གྲོས་ཁང་གིས་བཅའ་ཁྲིམས་བཙུགས་ནས་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བ་གཏན་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཚེས་ཉེར་དྲུག་ཉིན་བཅའ་ཁྲིམས་འཆར་ཟིན་ཞིག་ལ་གྲོས་མཐུན་བཀོད་དེ། དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་བྱ་སྤྱོད་དེ་ནག་ཉེས་སུ་གཏན་འཁེལ་བྱས། 

དབྱི་རག་རྒྱལ་དམངས་གྲོས་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་གྲོས་མི་ཉིས་བརྒྱ་དང་དོན་ལྔས་འདེམ་ཤོག་འཕངས་ཏེ་བཅའ་ཁྲིམས་འཆར་ཟིན་དེར་རྒྱབ་སྐྱོར་བྱས་ཟེར། གསལ་སྒྲོག་ལས་བསྟན་དོན། བཅའ་ཁྲིམས་འཆར་ཟིན་དེའི་དམིགས་ཡུལ་ནི་དབྱི་རག་མི་དམངས་ཀྱིས་ཕཱ་ལེ་སི་ཐན་དང་དེའི་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ནམ་རྒྱུན་གྱི་ལངས་ཕྱོགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་ཟེར། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པའི་བཅའ་ཁྲིམས་འཆར་ཟིན་དེའི་ནང་དོན་ལྟར་ན། སྲིད་གཞུང་གི་དཔོན་རིགས་དང་སྲིད་གཞུང་ལས་ཁུངས། སྨྱན་བྱད་སོགས་ཀྱིས་དབྱི་སི་རལ་བར་འབྲེལ་བ་ཅི་ཡང་འཛུགས་མི་རུང་། བཅའ་ཁྲིམས་དེར་འགལ་མཁན་ལ་ཁྲིམས་ཆད་ནན་མོ་སྤྱད་དེ། ཚེ་བཙོན་དང་སྲོག་ཁྲིམས་བཅད་ཀྱང་ཆོག་པ་རེད། 

ཨ་མེ་རི་ཁའི་རམ་འདེགས་འོག་ཉིས་སྟོང་ཉི་ཤུ་ལོའི་ཚུན་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པཱ་ལིན། སུའུ་ཏན། མའོ་ལོ་ཀི་བཅས་ཨ་རབ་རྒྱལ་ཁབ་བཞི་ཡིས་སྔ་གཞུག་ཏུ་དབྱི་སི་རལ་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་ཁྱབ་བསྒྲགས་བྱས། དེའི་སྔོན་ཨེ་ཅིབ་དང་ཅོར་ཏན་རྒྱལ་ཁབ་གཉིས་ཀྱིས་དབྱི་སི་རལ་བར་འབྲེལ་བ་བཙུགས་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།