ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་གལ་ཏེ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བཀག་སྡོམ་མེད་པར་བཏང་ན་ཨུ་རུ་སི་ཡིས་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་བྱས་ནས་འབྲུ་རིགས་ཉམས་ཉེན་ཐག་གཅོད་བྱེད་རྩིས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་འབྲུ་རིགས་དང་ལུད་རྫས་ཕྱིར་གཏོང་བྱས་ཏེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་ཐག་གཅོད་བྱེད་པར་བྱས་རྗེས་འཇོག་རྩིས་ཡོད་ཀྱང་། དེའི་སྔོན་འགྲོའི་ཆ་རྐྱེན་ནི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཆབ་སྲིད་དམིགས་ཡུལ་དབང་གིས་སྤྱད་པའི་བཀག་སྡོམ་མེད་པར་གཏོང་རྒྱུ་དེ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་དབྱི་ཐཱ་ལེའི་ཙུང་ལི་ཏི་ལཱ་ཅི་དང་ཁ་པར་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་དང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་ཚོང་རའི་ཞིང་ཞོར་ཐོན་རྫས་ཀྱི་མཁོ་འདོན་གནད་དོན་ཐད་ནས་ཨུ་རུ་སིར་སྐྱོན་འཛུགས་བྱེད་པར་གཞི་འཛིན་ས་ཅི་ཡང་མེད་པ་དང་། མིག་སྔའི་དཀའ་ཁག་དང་ཐོན་སྐྱེད་མུ་འབྲེལ། མཁོ་འདོན་མུ་འབྲེལ་བཅས་ཀྱི་གོ་རིམ་འཆོལ་བ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གི་རིམས་ནད་སྐབས་ཀྱི་དངུལ་ལོར་སྲིད་ཇུས་བཅས་ལ་འབྲེལ་བ་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་མཁའ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱེད་ཆེད་བྱེད་ཐབས་རབས་དང་རིམ་པ་བཏོན་ཡོད། དེའི་ནང་ཉིན་རེ་བཞིན་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་སྒོ་འབྱེད་ནས་དམངས་བཀོལ་གྲུ་གཟིངས་དག་ཡཱ་སུའུ་མཚོ་དང་མཚོ་ནག་གྲུ་ཁ་ནས་ཕྱིར་འགྲོ་བར་སྟོབས་བདེ་བཟོ་བ་སོགས་འདུས་ཡོད། ཡིན་ཡང་གོང་གི་བྱ་བར་ཝུའུ་ཁི་ལན་ཕྱོགས་ཀྱི་བཀག་འགོག་ཐེབས་ཡོད། ཕུའུ་ཅིན་གྱིས་ད་རུང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་འཕེལ་རིམ་ལ་བཀག་རྒྱ་ཐེབས་པའི་གནས་ཚུལ་མཚམས་སྦྱོར་བྱས། 

ནུས་ཁུངས་བདེ་འཇགས་ཐད་ནས་ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་གན་རྒྱའི་གཏན་འཁེལ་བྱས་པའི་རིན་གོང་ལྟར་དབྱི་ཐཱ་ལེ་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།