ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་ལྗར་པན་གྱི་ཀུན་སློང་ངན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་བྱ་དགོས་ཟེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། གསར་འགོད་པས་ཉེ་ཆར་ལྗར་པན་གྱི་སྲིད་ཚོང་པས་ཉིང་རྡུལ་མཚོན་ཆ་ཡོད་པའི་གཏམ་བརྗོད་ཡང་ཡང་སྤེལ་ནས། ཨ་རི་དང་ཉིང་རྡུལ་མཚོན་ཆ་མཉམ་སྤྱོད་དང་ཨ་རིའི་ཉིང་རྡུལ་མཚོན་ཆ་ནང་འདྲེན་བྱེད་རྒྱུའི་གཏམ་འཆལ་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

     ཝང་ཝུན་པིན་གྱིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱུང་ལ་དེར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། 《ཉིང་རྡུལ་མཚོན་ཆ་རྒྱ་སྐྱེད་དུ་མི་འགྲོ་བའི་ཆིངས་ཡིག》(NPT)གི་གཏན་འབེབས་ལྟར་ན། ཉིང་རྡུལ་མཚོན་ཆ་མེད་པའི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱིས་ཐད་ཀར་རམ་གཞན་བརྒྱུད་ཀྱིས་རྒྱལ་ཁབ་གང་རུང་ཞིག་ནས་ཉིང་རྡུལ་མཚོན་ཆ་དང་ལེན་མི་བྱེད་པའམ་ཡང་ན་མཚོན་ཆ་འདི་རིགས་ལ་ཚོད་འཛིན་བྱེད་པའི་དབང་ཆ་མེད་པ་ཁས་བླངས་པ་རེད། གལ་ཏེ་ལྗར་པན་དང་ཨ་རིས“ཉིང་རྡུལ་མཉམ་སྤྱོད”བྱས་ནNPTཡི་གཏན་འབེབས་ལས་འགལ་ནས། ཉིང་རྡུལ་ཁྱབ་འགྱེད་དང་ཉིང་རྡུལ་གདོང་གཏུག་གི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད།
     ལྗར་པན་ནི་NPTཉིང་རྡུལ་མཚོན་ཆ་མེད་པའི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། བཙན་འཛུལ་གྱི་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་གཏིང་ཟབ་མ་བྱས་པ་དང་དུས་མཚུངས་སུ། ཉེ་དུས་ལྗར་པན་གྱིས་མངོན་སུམ་འཛེམ་མེད་ངང་རང་ཉིད་ཀྱིས་ཁས་ལེན་བྱས་པའི“ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”ལ་བཟོ་བཅོས་རྒྱག་རྒྱུའི་གྲོས་བསྡུར་བྱས་པ་དང་། ཐ་ན་NPTགྲོས་ཞིབ་ཚོགས་ཆེན་ལ་ཕུལ་བའི་རྒྱལ་ཁབ་ཀྱི་སྙན་ཞུའི་པར་གཞི་གསར་ཤོས་ནང་འབྲེལ་ཡོད་ཀྱི་གསལ་བཤད་བསུབ་ཡོད་པས་ལྗར་པན་གྱི་འབྲེལ་ཡོད་འཕེལ་ཕྱོགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱ་དགོས།
     གལ་ཏེ་ལྗར་པན་ཕྱོགས་ཀྱིས་རྒྱལ་སྤྱིའི་བདེ་འཇགས་དང་དམག་དོན་ཚོད་འཛིན་གྱི་གནད་དོན་ཐད་འགན་འཁུར་བའི་རྣམ་འགྱུར་འཛིན་ཚེ། ཉིང་རྡུལ་མཚོན་ཆ་མེད་པའི་རྒྱལ་ཁབ་ཀྱི་འོས་འགན་ལག་ལེན་ཏན་ཏིག་བསྟར་ནས། རང་ཉིད་ཀྱིས་ཁས་ལེན་བྱས་པའི“ཉིང་རྡུལ་མཚོན་ཆ་མེད་པའི་རྩ་དོན་གསུམ”མུ་མཐུད་བརྩི་སྲུང་ཞུ་དགོས་པ་ལས་རྣམ་པ་གང་རུང་གི་ཐོག་ནས་ཉིང་རྡུལ་མཚོན་ཆ་འཚོལ་ཞིབ་བྱེད་མི་ཆོག ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། འཇར་པན་ཕྱོགས་ཀྱིས་ད་དུང་ཨ་རི་ཕྱོགས་ལ་འཇམ་འཐབ་ཀྱི་བསམ་གཞིགས་འདོར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲིད་ཇུས་ཁྲོད་ཀྱི་ཉིང་རྡུལ་མཚོན་ཆའི་ནུས་པ་ཆུང་དུ་བཏང་སྟེ། ཉིང་རྡུལ་དང་དམག་མི་ཉུང་འཕྲི་གཏོང་བའི་དམིགས་བསལ་གྱི་འགན་འཁྲི་འཁུར་བ་བཅས་བྱས་ཏེ་འཛམ་གླིང་ཡོངས་དང་ས་ཁུལ་གྱི་འཐབ་ཇུས་དོ་སྙོམས་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བཤད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།