ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུན་མཐུད་དངུལ་གསོག་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲོས་ཆོད་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལྟ་བསྡུ་བཞིན་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་ལྔ་པ་ནས་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཆོད་བཀོད་དེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དངུལ་གསོག་བྱེད་ཐབས་ལེགས་བཅོས་བྱས་ནས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་སྤྲད་པའི་ཚོགས་པའི་གྲོན་དངུལ་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྔོན་རྩིས་གཙོ་བོའི་ཁྲོད་ཟིན་པའི་བསྡུར་ཚད་དེ་ད་ལྟའི་བརྒྱ་ཆའི་ཉི་ཤུ་ཙམ་ནས་རིམ་བཞིན་བརྒྱ་ཆའི་ལྔ་བཅུར་མཐོར་འདེགས་བྱེད་པར་ཡིད་འཐད་བྱུང་། 

མིག་སྔར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་མ་དངུལ་གྱི་ཡོངས་ཁུངས་གཙོ་བོ་གཉིས་ཏེ། ཁོངས་གཏོགས་རྒྱལ་ཁབ་ཀྱིས་སྤྲད་པའི་ཚོགས་པའི་གྲོན་དངུལ་དང་གྲོགས་པོ་གཞན་པའི་རང་འགུལ་གྱིས་ཕུལ་བའི་ཞལ་འདེབས་རེད། ཉེ་བའི་ལོ་འགའི་རིང་ལ། ཚོགས་པའི་གྲོན་དངུལ་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྔོན་རྩིས་གཙོ་བོའི་ཁྲོད་ཟིན་པའི་བསྡུར་ཚད་བརྒྱ་ཆའི་ཉི་ཤུར་ཡང་བསླེབས་མེད་ལ། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་གྱི་ལོ་གཅིག་གི་སྔོན་རྩིས་ཁྲོད་ཚོགས་པའི་གྲོན་དངུལ་གྱིས་བརྒྱ་ཆའི་བཅུ་དྲུག་ཙམ་ལས་ཟིན་མེད། ཡིན་ཡང་ཚོགས་པའི་གྲོན་དངུལ་དེ་སྔར་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མ་དངུལ་ཡོངས་ཁུངས་གལ་ཆེན་ཞིག་ཡིན་པ་རེད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། བཅོས་བསྒྱུར་དེར་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་ལྡན། རྒྱུ་མཚན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མེ་སྒོར་གཅིག་བཏང་ཡང་ཉུང་མཐར་ཡང་མེ་སྒོར་སོ་ལྔའི་ཕན་འབྲས་ཐོབ་སྲིད་པས་ཡིན། རྒྱུན་མཐུད་དངུལ་གསོག་དེས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་དེའི་མི་དམངས་ལ་སྔར་ལས་བཟང་བའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་ཟེར། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་བསྟན་དོན། ཆོད་དོན་དེས་དྲང་ཕྱོགས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོད་དཔག་བྱེད་ཐུབ་ཅིང་རྒྱུན་མཐུད་བབ་བསྟུན་གྱི་མ་དངུལ་ཐད་གནས་པའི་ལོ་ངོ་བཅུ་ཕྲག་འགའི་འགྲན་རྩོད་ཐག་གཅོད་བྱས་ཡོད། དེ་རིང་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱས་ན་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁོ་ཚོའི་རེ་འདུན་བསྐང་བའི་ནུས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དེ་འཛམ་གླིང་འཕྲོད་བསྟེན་གྱི་དབང་གྲགས་གཙོ་བོར་གྱུར་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བཞིན་པ་མཚོན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།