ཀྲུང་གོ་བོད་ཀྱི་དྲ་བ།

ཙེམ་པབ་ཝེའི་དམངས་ཁྲོད་རྩ་འཛུགས་ཀྱིས་ཨ་མེ་རི་ཁས་ཙེམ་པབ་ཝེའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཙེམ་པབ་ཝེའི་དམངས་ཁྲོད་རྩ་འཛུགས་བཀག་སྡོམ་ལ་རྒྱ་ཆེར་ངོ་རྒོལ་བྱེད་པའི་མནའ་འབྲེལ་གྱིས་ཚེས་ཉེར་བཞི་ཉིན་ཙེམ་པབ་ཝེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མདུན་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་པ་དང་། གཞུང་ཚབ་ཁང་གི་ལས་བྱེད་མི་སྣ་ཡོངས་བསྒྲགས་འཕྲིན་ཡིག་སྤྲད་དེ། ཨ་མེ་རི་ཁའི་སྲིད་གཞུང་གིས་མྱུར་མོར་ཙེམ་པབ་ཝེ་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་། 

མནའ་འབྲེལ་དེའི་མཉམ་འབྲེལ་སྲོལ་འབྱེད་མཁན་ནམ་མགྲིན་ཚབ་པ་ཨིན་ཀི་ནེ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་ཁྲིམས་འགལ་བཀག་སྡོམ་ལས་ཙེམ་པབ་ཝེའི་ལ་མེ་སྒོར་དུང་ཕྱུར་བརྒྱ་ཕྲག་འགའི་གྱོང་གུད་བཟོས་ཡོད་ཟེར། 

ཨིན་ཀི་ནེ་ཡིས་མཚམས་སྦྱོར་བྱས་དོན། རྩ་འཛུགས་དེས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པར་ཙེམ་པབ་ཝེ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་ཁ་ནས་རས་གུར་སྒར་ས་བཙུགས་ནས་ཨ་མེ་རི་ཁའི་ཁྲིམས་འགལ་བཀག་སྡོམ་ལ་ངོ་རྒོལ་བྱས་པ་དང་། ད་ལྟའི་བར་ལོ་ངོ་གསུམ་ལྷག་འགོར་ཡོད་ཟེར། ཁོ་མོས་བསྟན་དོན། ཨ་མེ་རི་ཁའི་བཀག་སྡོམ་མཚམས་མ་བཞག་ན་རྩ་འཛུགས་དེས་ཨ་མེ་རི་ཁར་དམིགས་པའི་ངོ་རྒོལ་བྱ་སྤྱོད་མཚམས་འཇོག་མི་སྲིད་ཟེར། 

ཉེ་བའི་ལོ་འགའི་རིང་ལ། ཙེམ་པབ་ཝེའི་སྲིད་གཞུང་དང་མང་ཚོགས་ཀྱིས་ནམ་རྒྱུན་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཙེམ་པབ་ཝེའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་ངོས་འཕེལ་རྒྱས་ཐུན་མོང་ཚོགས་པས་ཀྱང་ཉིས་སྟོང་བཅུ་དགུ་ལོར་ལོ་རེའི་ཟླ་བཅུ་བའི་ཚེས་ཉེར་ལྔ་དེ་ཨ་ཧྥེ་རི་ཁ་ལྷོ་ངོས་འཕེལ་རྒྱས་ཐུན་མོང་ཚོགས་པའི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་ཉིན་མོར་གཏན་འཁེལ་བྱས་ཏེ། ཙེམ་པབ་ཝེ་ལ་རྒྱབ་སྐྱོར་བྱས་པ་དང་། མཉམ་དུ་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཙེམ་པབ་ཝེའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།