ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རི་ནེ་ཝ་ན་སྤེལ་བཞིན་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་ལྔ་བས་ཚེས་ཉེར་བཞི་ཉིན་འདེམ་སྒུག་པ་གཅིག་པུ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ད་ལྟའི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་རྩ་འཛུགས་དེའི་སྐབས་རྗེས་མའི་སྤྱི་ཁྱབ་ལས་འཛིན་པར་བསྐོ་འཇོག་བྱས།
ཐན་ཏི་སེ་ཡིས་ཉིན་དེར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྐབས་གསར་བའི་སྤྱི་ཁྱབ་ལས་འཛིན་པའི་ལས་འགན་དང་ལེན་བྱས་པ་དང་། ཁོས་ཞུ་ཚིག་ཕུལ་ཏེ་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་དམའ་རིམ་འཕྲོད་བསྟེན་བདེ་སྲུང་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏོན་པའི་དམངས་ཡོངས་ཀྱི་བདེ་ཐང་ལ་ཁེབས་པའི་རྨང་རྡོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་དང་ཐག་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། ཁོས་ད་རུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རྒྱུན་མཐུད་རང་བཞིན་གྱི་དངུལ་གསོག་གི་གལ་ཆེན་རང་བཞིན་དམིགས་སུ་བཀར་ནས་ནན་བཤད་བྱས།
ཐན་ཏི་སེ་ད་ལོར་ལོ་ང་བདུན་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར་ཐོག་དང་པོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་བ་ཡིན་ལ། སྐབས་གསར་བའི་འགན་ཡུན་དེ་ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན་ནས་དངོས་སུ་མགོ་བརྩམས་པ་རེད། ཐོག་དང་པོར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་མ་ཁུར་གོང་། ཐན་ཏི་སེ་ཡིས་སྔ་གཞུག་ཏུ་ཨེ་ཙེ་ཨོ་ཕི་ཡཱའི་འཕྲོད་བསྟེན་པུའུ་ཀྲང་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་ཁུར་མྱོང་། ཐན་ཏི་སེ་ནི་རྒྱལ་སྤྱིའི་སྐད་གྲགས་ཆེ་བའི་འདར་ནད་ཀྱི་ཞིབ་འཇུག་ཆེད་མཁས་པ་ཡིན་ལ། ཁོས་ད་རུང་འཛམ་གླིང་ཡོངས་ཀྱི་ཨེ་ཙི་ནད་འགོག་བཅོས་དང་གཅོང་ནད་དང་འདར་ནད་ཐེབས་རྩ་ཚོགས་པའི་རྐང་བདག་ཚོགས་པའི་ཀྲུའུ་ཞི་སོགས་ཀྱི་འགན་ཁུར་མྱོང་།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཚོགས་ཆེན་གྱི་སྒྲིག་སྲོལ་དང་ལས་རིམ་ལྟར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་ཡུན་ལོ་ལྔ་ཡིན་པ་དང་། བསྟུད་འགན་ཐེངས་གཅིག་ཁུར་ཆོག་པ་རེད། །