ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གཏན་འཁེལ་གནད་དོན་ཐད་ནས་སོ་སོར་ཨུ་ཡོན་ལྷན་ཁང་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ཚེས་ཉེར་གསུམ་ཉིན་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གཏན་འཁེལ་གནད་དོན་ཐད་ནས་སོ་སོར་ཨུ་ཡོན་ལྷན་ཁང་བཙུགས་ཏེ། རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གསལ་འབྱེད་བྱེད་པའི་བྱ་བ་སྤེལ་མགོ་བརྩམས། 

ཨ་སེ་པེད་ཅང་གི་ཙུང་ཐུང་བཞུགས་ཤག་གི་དྲ་ཚིགས་ཀྱིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་ཡིས་ཉིན་དེར་བཀའ་རྒྱ་བཀོད་དེ། ཙུང་ལི་གཞོན་པ་མུའུ་སི་ཐཱ་ཧྥ་ཡེ་ཧྥུའུ་ཡིས་ཀྲུའུ་ཞིའི་འགན་ཁུར་བའི་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱའི་རྒྱལ་མཚམས་གཏན་འཁེལ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་ཟེར། 

ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཉིན་དེར་པེད་ཅང་དང་ཨེ་མེ་ནི་ཡཱའི་རྒྱལ་མཚམས་གཏན་འཁེལ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་འཛུགས་པའི་ཆོད་དོན་བཀོད་པ་དང་། ཨུ་ཡོན་ལྷན་ཁང་དེར་ཙུང་ལི་གཞོན་པ་ཀི་ལི་ཀི་ལིང་གིས་ཀྲུའུ་ཞིའི་འགན་ཁུར་ཡོད་ཟེར། 

སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་སོ་སོར་ཨ་སེ་པེད་ཅང་གི་ཕྱི་འབྲེལ་བློན་ཆེན་པཱ་དབྱེ་ལཱ་མའོ་ཧྥུའུ་དང་ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མུས་ཨར་ཙོ་དབྱང་གཉིས་ལ་ཁ་པར་བཏང་སྟེ། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱི་རྒྱལ་མཚམས་གཏན་འཁེལ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

གཞན་ཡང་བསྒྲགས་པ་ལྟར་ན། ཨ་ལེ་ཡེ་ཧྥུའུ་དང་ཕཱ་ཞེ་ནེ་དབྱང་། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་བཅས་ཀྱིས་ཚེས་ཉེར་གཉིས་ཉིན་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་ཕྱོགས་གསུམ་གྲོས་མོལ་བྱས་ཏེ། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་མཚམས་གཏན་འཁེལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཐད་ནས་གཅིག་གྱུར་ཡིད་འཐད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།