ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབྲུ་རིགས་དཀོན་པའི་རྒྱལ་ཁབ་ལ་བྲེལ་མྱུར་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློོག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཚེས་ཉེར་གསུམ་ཉིན་གྲོས་ཆོད་བཀོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྦྱོར་གཅིག་གྱུར་གྱི་འགུལ་སྐྱོད་སྤེལ་ནས། འབྲུ་རིགས་བདེ་འཇགས་ཉམས་ཉེན་གྱི་གནོད་པ་ཐེབས་པའི་རྒྱལ་ཁབ་ལ་བྲེལ་མྱུར་རོགས་སྐྱོར་བྱེད་དགོས་པར་མ་ཟད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་འདྲ་མཉམ་གྱི་ཕྱོགས་མང་ཉོ་ཚོང་མ་ལག་ཅིག་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཆོད་ལས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་འདུས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དེ་དོན་ཆེན་དུ་བརྩིས་ནས་ཕྱོགས་མང་བྱ་བར་རྒྱབ་སྐྱོར་བྱས་ཏེ། ཉམས་ཉེན་དེར་ཁུར་དུ་ལེན་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་དགོས་པའི་འབོད་སྐུལ་བཏང་། གྲོས་ཆོད་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཁེ་ཕན་ལ་འབྲེལ་བའི་ཕྱོགས་ཁག་གཞན་པའི་འབྲུ་རིགས་དང་ཞིང་ལས་མཁོ་འདོན་མུ་འབྲེལ་སྲུང་འཛིན་བྱེད་པ་དང་། ཞིང་བ་དག་ལ་ལག་རྩལ་བྱེད་ཐབས་དང་རོགས་སྐྱོར་འདོན་སྤྲོད་བྱས་ནས། ཁོ་ཚོས་མུ་མཐུད་དུ་ལོ་ཏོག་དང་སྒོ་ཕྱུགས་ཀྱི་ཐོན་སྐྱེད་ཐུབ་པར་བྱེད་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཆོད་ལས་ཉོ་ཚོང་ཐབས་ལམ་དང་ཚོང་རའི་སྒོ་འབྱེད་སྲུང་འཛིན་བྱེད་པ་དང་། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་མེད་པར་གཏོང་བའི་དགོས་གལ་རང་བཞིན་ནན་བཤད་བྱས། ངེས་པར་དུ་འབར་རྫས་རིན་གོང་ཚོད་འཛིན་བྱས་ཏེ་འབྲུ་རིགས་རིན་གོང་སྲུང་འཛིན་བྱེད་དགོས་པར་མ་ཟད། རྒྱལ་ཁབ་སོ་སོས་ནུས་ཁུངས་ཐོན་རྫས་མང་དུ་གསོག་ཉར་བྱེད་མི་རུང་བའི་འབོད་སྐུལ་བཏང་། 

གྲོས་ཆོད་ལས་ད་རུང་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་ཀྱིས་དངུལ་བུན་ཇེ་ཉུང་དུ་གཏོང་བ་དང་དངུལ་ལོར་གཟིགས་སྐྱོང་། མ་དངུལ་གྱི་ཞལ་འདེབས་སོགས་ཀྱི་ཐབས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་བྲེལ་མྱུར་འབོད་སྐུལ་དང་དུ་བླངས་ཏེ། དྲག་ཆས་འཁྲུག་རྩོད་དང་ཐན་སྐྱོན། ལྟོགས་སྡུག་བཅས་བྱུང་བའི་རྒྱལ་ཁབ་ལ་བྲེལ་མྱུར་རོགས་སྐྱོར་དང་མ་དངུལ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།