ཀྲུང་གོ་བོད་ཀྱི་དྲ་བ།

ཧྥུན་ལན་དང་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པའི་རེ་ཞུ་དངོས་སུ་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་དང་སུའེ་ཏེན་གྱི་བྱང་ཆིངས་རྩ་འཛུགས་སུ་སྡོད་པའི་གཞུང་ཚབ་ཆེན་མོས་ཚེས་བཅོ་བརྒྱད་ཉིན་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་མཛད་སྒོའི་སྟེང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ལ་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་ཞུ་སྤྲད། 

སི་ཐའོ་ཨར་ཐིན་པེ་ཀི་ཡིས་རེ་ཞུ་དང་ལེན་བྱས་རྗེས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་བར་འཁྲུག་རྩོད་བྱུང་བའི་གནས་ཚུལ་འོག བྱ་སྤྱོད་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དོན་ཞིག་རེད་ཟེར། ཁོས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་མྱུར་མོར་རེ་ཞུར་དཔྱད་འཇོག་བྱས་ཏེ་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གོ་རིམ་རྗེས་མའི་འགུལ་སྐྱོད་ལ་བསམ་བློ་གཏོང་ངེས་ཡིན། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་མནའ་མཐུན་རྒྱལ་ཁབ་ཚང་མའི་བདེ་འཇགས་ཁེ་ཕན་ལ་བསམ་བློ་བཏང་སྟེ། གནད་དོན་ཚང་མ་ཐག་གཅོད་བྱེད་པའི་ཆོད་སེམས་ཀྱིས་མྱུར་མོར་རྒྱལ་ཁབ་གཉིས་ཀྱི་རེ་ཞུར་སྡོམ་ཚིག་ཅིག་འདོན་དགོས་ཟེར། 

རྒྱུན་སྲོལ་ལྟར་ན། བྱང་ཆིངས་རྩ་འཛུགས་ནས་ངེས་པར་དུ་གཏོགས་རྒྱལ་ཁབ་སུམ་ཅུ་གཅིག་གྱུར་ཡིད་འཐད་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ད་གཟོད་ཁོངས་གཏོགས་རྒྱལ་ཁབ་གསར་བ་བསྡུ་ལེན་བྱས་ཆོག་པ་རེད། ཉེ་བའི་ལོ་འགའི་རིང་ལ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཐུར་ཁེ་ཡིས་ཐེངས་མང་བོར་ནན་གྱིས་བསྟན་དོན། ཧྥུན་ལན་དང་སུའེ་ཏེན་གྱིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་བརྩོན་ལེན་བྱེད་སྐབས་ངེས་པར་དུ་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པ་དང་། ཐུར་ཁེ་ཡིས་རྒྱལ་སྲུང་སྒྲིག་ཆས་ཕྱིར་གཏོང་བྱེད་པའི་ཚད་བཀག་མེད་པར་གཏོང་དགོས་ཟེར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཧྥུན་ལན་དང་སུའེ་ཏེན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པར་ཐུར་ཁེ་ཡིད་འཐད་འབྱུང་མི་སྲིད་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཧྥུན་ལན་དང་སུའེ་ཏེན་རྒྱལ་ཁབ་གཉིས་བྱང་ཆིངས་རྩ་འཛུགས་སུ་ཞུགས་པ་ལས་ཨུ་རུ་སིར་ཐད་ཀར་འཇིགས་ཉེན་བཟོ་མི་སྲིད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་རྨང་གཞིའི་སྒྲིག་ཆས་དེ་རྒྱལ་ཁབ་དེ་གཉིས་ཀྱི་མངའ་ཁོངས་སུ་བཀོད་སྒྲིག་བྱས་ན་ཨུ་རུ་སི་ཡིས་ངོ་རྒོལ་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།