ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་མི་དཀར་བླ་རུ་བཀུར་བའི་རིང་ལུགས་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་བཅུ་བདུན་ཉིན་ཉེ་སྔོན་མེ་མདས་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་བྱུང་སའི་ཉིག་ཡོ་མངའ་སྡེའི་པུའུ་ཧྥ་ལོ་གྲོང་ཁྱེར་ནས་གཏམ་བཤད་སྤེལ་ཏེ། མི་དཀར་བླ་རུ་བཀུར་བའི་རིང་ལུགས་ལ་རྒོལ་གཏམ་དྲག་པོ་བཏང་།

པེད་ཏིན་གྱིས་ཉིན་དེར་ཡུལ་དེར་གནོད་ཐེབས་མཁན་གྱི་ཁྱིམ་མིར་ཐུག་འཕྲད་བྱས་ཏེ་གཏམ་བཤད་སྤེལ། ཁོས་བཤད་རྒྱུར། མི་དཀར་བླ་རུ་བཀུར་བའི་རིང་ལུགས་ནི་དུག་ཆུ་ཞིག་དང་འདྲ་བར་ཨ་མེ་རི་ཁའི་ཆབ་སྲིད་སྒྲིག་གཞི་ཧྲིལ་བོར་ཁེབས་ཡོད། ང་ཚོས་མི་དཀར་བླ་རུ་བཀུར་བའི་འདུ་ཤེས་དེ་རིགས་ཨ་མེ་རི་ཁར་སྡོད་སའི་གནས་མེད་པའི་བསམ་ཚུལ་གསལ་བོར་སྟོན་ངེས་ཡིན་ཟེར། 

གཏམ་བཤད་སྤེལ་སྐབས་པེད་ཏིན་གྱིས་པུའུ་ཧྥ་ལོ་གྲོང་ཁྱེར་གྱི་མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ནི་ས་གནས་རང་གི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་པར་གཏན་འཁེལ་བྱས་པ་དང་། མེ་མདའི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་ཡང་བསྐྱར་བཏང་བར་མ་ཟད། མེ་མདའ་ལ་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་ལ་རྒྱལ་ཚོགས་ནས་གྲོས་འཆམ་འབྱུང་བར་དཀའ་ཁག་ཆེན་པོ་ཡོད་པ་ཁས་ལེན་བྱས། 

ཉེ་སྔོན་རིགས་རྒྱུད་གནད་དོན་གྱི་དྲག་ཤུགས་ཐལ་སྤྱོད་དོན་རྐྱེན་མང་བོ་བྱུང་བ་དང་། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་གྱོད་དོན་དེ་རིགས་འཁོན་འཛིན་ནག་ཉེས་དང་རིགས་རྒྱུད་རིང་ལུགས་ཀྱི་མཐར་སྐྲོད་གཏོང་བའི་དྲག་ཆས་ཐལ་སྤྱོད་རིང་ལུགས་ཀྱི་བྱ་སྤྱོད་དུ་གཏན་འཁེལ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།