ཀྲུང་གོ་བོད་ཀྱི་དྲ་བ།

ཁི་ལོ་ཏི་ཡཱའི་ཙུང་ལི་ཡིས་ཀྲུང་གོའི་བར་གྱི་འབྲེལ་བ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་པའི་ཚུལ་བསྟན།

    སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཁི་ལོ་ཏི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་སྐབས་སུ། ཁི་ལོ་ཏི་ཡཱའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་ཉེ་སྔོན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་དང་། ཁོས་ཀྲུང་གོའི་བར་གྱི་འབྲེལ་བ་དང་གྲོས་མོལ། དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་བཅས་གཏིང་ཟབ་ཏུ་སྤེལ་ནས་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་གཏན་འཇགས་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཟེར། 

ཕུའུ་ལེན་ཁི་ཝེ་ཆི་ཡིས་བསྟན་དོན། ལོ་ངོ་སུམ་ཅུའི་རིང་ལ། ཁི་ལོ་ཏི་ཡཱ་དང་ཀྲུང་གོའི་འབྲེལ་བ་དང་མཉམ་ལས་སྣ་མང་ཕུན་སུམ་ཚོགས་པ་དང་། ཁྱད་པར་དུ་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་འོག་ལྷག་ཏུ་བཟང་བར་མངོན། ཁོ་ན་ནིང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་དང་། མཐོ་རིམ་གྲོས་ཚོགས་ནས་ཀྲུང་གོ་དང་ཁི་ལོ་ཏི་ཡཱ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོའི་ཁེ་ལས་ཀྱིས་འཛུགས་སྐྲུན་བྱེད་པར་ཁས་བླངས་པའི་ཁི་ལོ་ཏི་ཡཱའི་ཕའེ་ལེ་ཧྲ་ཚི་ཟམ་ཆེན་དང་སེ་ནེ་རླུང་ཤུགས་གློག་འདོན་ལས་གཞི་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་གཉིས་རྒྱལ་གྱི་དཔེ་མཚོན་ཡིན་ཟེར། 

ཕུའུ་ལེན་ཁི་ཝེ་ཆི་ཡིས་བསྟན་དོན། ཕའེ་ལེ་ཧྲ་ཚི་ཟམ་ཆེན་ནི་ཁི་ལོ་ཏི་ཡཱའི་ཆེས་གལ་ཆེ་བའི་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལས་གཞི་ཞིག་ཡིན་པ་དང་། ཁི་ལོ་ཏི་ཡཱའི་མི་དམངས་ཀྱི་ལྷོ་བྱང་རྒྱལ་ཁོངས་གཅིག་ཏུ་སྦྲེལ་བའི་རེ་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱས་ཡོད། སེ་ནེ་རླུང་ཤུགས་གློག་འདོན་ལས་གཞི་དེས་ཁི་ལོ་ཏི་ཡཱའི་གློག་ཤུགས་དཀོན་པའི་སྣང་ཚུལ་ཞི་འཇགས་སུ་གཏོང་ཐུབ་པ་དང་། ཁི་ལོ་ཏི་ཡཱའི་འཛད་སྤྱོད་མཁན་ལ་ལྷད་མེད་ཐོན་ཁུངས་འདོན་སྤྲོད་བྱེད་ཐུབ། ཁོས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོས་ཁི་ལོ་ཏི་ཡཱ་ནས་དངུལ་གཏོང་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར། 

དེའི་ཞོར་དུ་ཕུའུ་ལེན་ཁི་ཝེ་ཆི་ཡིས་ད་རུང་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས། ནམ་ཟླའི་འགྱུར་ལྡོག་བཅས་དང་། ཁྱད་པར་དུ་ནུས་ཁུངས་སོགས་འཛམ་གླིང་རང་བཞིན་གྱི་གནད་དོནཐད་ནས་མཉམ་ལས་དང་གྲོས་མོལ་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་རྗེས་སུ། ང་ཚོས་ནུས་ཁུངས་ཀྱི་རིན་གོང་ཇེ་མཐོར་འགྲོ་བཞིན་པ་དངོས་སུ་མཐོང་བ་དང་། ནུས་ཁུངས་གནད་དོན་དང་ནུས་ཁུངས་མཁོ་འདོན་ལ་འབྲེལ་བའི་འཛམ་གླིང་ཡོངས་ཀྱི་གྲོས་མོལ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོས་མཉམ་ལས་བྱེད་པའི་ཁྱབ་ཁོངས་ཡིན་ལ། དེའི་ཡང་ཁི་ལོ་ཏི་ཡཱ་ཡང་འདུས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།