ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཅེ་ཁྲེ་ཡིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་ལ་ཁ་པར་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2022ལོའི་ཟླ5པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ་ཡིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་ལ་ཁ་པར་བཏང་། 

དབྱང་ཅེ་ཁྲི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པའེ་ཏིན་རྣམ་གཉིས་ཀྱིས་ཀྲུང་ཨའི་འབྲེལ་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད་པས། ཕྱོགས་གཉིས་ཀྱིས་དོན་འཁྱོལ་ཡག་པོ་བྱེད་དགོས། ཉེ་དུས། ཕྱོགས་གཉིས་ཀྱིས་དམག་དཔུང་གཉིས་དང་གནམ་གཤིས་འགྱུར་ལྡོག། འཕྲོད་བསྟེན། ཞིང་ལས་སོགས་ཁྱབ་ཁོངས་སུ་སྐད་ཆ་བཤད་རེས་བྱས་པ་དེར་ཕན་པ་ཡོད་པས། སྐད་ཆ་བཤད་རེས་ཀྱི་རྣམ་པ་དེ་རྒྱུན་འཁྱོངས་བྱེད་དགོས། དེ་དང་ཆབས་ཅིག་ངེས་པར་དུ་སྟོན་དགོས་པ་ཞིག་ནི། དུས་མཚམས་ཤིག་རིང་ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་རབ་དང་རིམ་པ་སྤེལ་བར། ཀྲུང་གོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་མ་ཟད་དེར་ཁ་གཏད་ནུས་ལྡན་བཅག་ཡོད། ཨ་རིས་གཏམ་སྤྱོད་གཅིག་མཐུན་ཡོང་བ་བྱས་ནས་འབྲེལ་ཡོད་ཁས་ལེན་དེ་ཞིབ་ཕྲའི་སྲིད་ཇུས་དང་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་མདུན་སྐྱོད་བྱས་ཏེ་མི་མཐུན་པའི་ཆ་ཚོད་འཛིན་འོས་འཚམ་བྱེད་པ་དང་། དགེ་མཚན་ལྡན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་ཡང་དག་སྲོལ་ལམ་ཐོག་བསྐྱར་དུ་ལོག་པར་སྐུལ་འདེད་གཏོང་དགོས། 

དབྱང་ཞེ་ཁྲི་ཡིས་ནན་གྱིས་བསྟན་དོན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་ཀྱི་ཆེས་གལ་ཆེན་དང་ཆེས་ཕོག་ཐུག་ཆེ་བ། ཆེས་རྩ་བའི་གནད་དོན་ཞིག་ཡིན། ཨ་རིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་གསལ་སྟོན་ཐེངས་མང་བྱས་ཡོད། འོན་ཀྱང་ཉེ་ཆར་ཨ་རིས་ཐའེ་ཝན་གྱི་གནད་དོན་ཐད་འཛིན་པའི་ལྟ་སྟངས་དངོས་དང་ཧེ་བག་ཆེན་པོ་ཡོད། གལ་ཏེ་ཨ་རིས་ཨུ་ཚུགས་ངང“ཐའེ་ཝན་མཚོན་ཚུལ”སྤྱད་དེ་ནོར་འཁྲུལ་གྱི་ལམ་བུའི་ཐོག་བསྐྱོད་ཅིང་རྒྱང་རིང་དུ་ཕྱིན་ན་དུས་བབ་ཉེན་ཁའི་གནས་སུ་གྱར་ངེས་རེད། ང་ཚོས་ཨ་རི་ལ་གནས་བབ་གསལ་རྟོགས་དང་ཁས་ལེན་ནན་མོ་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པའི་ལྕག་སྐུལ་བྱས་པ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་ནས་རང་ངོས་ཀྱི་བདག་དབང་དང་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་ཡིན། ང་ཚོས་ཁ་བཤད་ལག་བསྟར་ཐུབ་ངེས་ཡིན། 

དབྱང་ཅེ་ཁྲི་ཡིས་བསྟན་དོན། ཞི་བདེ་འཚོལ་སྙེགས་དང་མཉམ་ལས་དོན་གཉེར་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འཕེལ་ཕྱོགས་ཆེན་པོ་དང་དམངས་ཀྱི་བློ་ཁ་ཕྱོགས་ས་ཡིན། ཀྲུང་གོས་མཛའ་བརྩེ་དང་ཟོལ་མེད། གཉིས་ཕན། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྔར་ནས་ད་བར་མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་གནས་དང་། གཉིས་ཁེ་མཉམ་རྒྱལ། ལས་དབང་གཅིག་མཐུན་བཅས་ཡོང་བ་བྱས་ཡོད། སྒེར་གྱི་ཁེ་ཕན་ཁོ་ནར་བརྟེན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་གང་ཞིག་ཡིན་རུང་ཡུན་རིང་མི་ཐུབ་ཐག་ཆོད་རེད། ཤོག་ཁག་སྒྲིག་པ་དང་ཁ་འཕྲལ་འགྲན་རྒོལ་བྱེད་པའི་རེ་ངན་གང་ཡང་འགྲུབ་མི་ཐུབ། 

ཕྱོགས་གཉིས་ཀྱིས་ད་དུང་ཡུག་རེན་དང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།