ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཙུང་ཐུང་གིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་རག་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

སཱ་ལེ་ཧི་ཡིས་ཉིན་དེར་གསར་དུ་འགན་ཁུར་བའི་དབྱི་རག་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོས་ཝེ་ཡིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བཤད་རྒྱུར། དབྱི་རག་དང་ཀྲུང་གོ་ནི་གནའ་བོའི་དཔལ་ཡོན་རྒྱལ་ཁབ་ཡིན་པ་དང་། དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་འགྲོ་འོང་འབྲེལ་བ་ཡོད། དབྱི་རག་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བྱས་ཏེ། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མི་གཞུང་བརྗེ་རེས་དང་ཕན་ཚུན་གྱི་དཔལ་ཡོན་གཞིར་བཟུང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

ཚོས་ཝེ་ཡིས་བཤད་རྒྱུར། ཀྲུང་གོས་དབྱི་རག་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་དབྱི་རག་གི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་ཟབ་མོ་བྱུང་བ་དང་། བརྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་ཐོབ། ན་ནིང་ཟླ་བརྒྱད་པར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་དབྱི་རག་གི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་དབྱི་རག་གི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཀོད་དེ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན། དབྱི་རག་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཡིན་པའི་ཆ་ནས། ནུས་པ་གང་ཡོད་ཀྱིས་དབྱི་རག་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱས་ཏེ། ཀྲུང་གོ་དང་དབྱི་རག་གི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།