ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ལི་ཡིས་སཱ་ཧི་ལེའི་རྒྱལ་ཁབ་ལྔའི་སྡེ་ཚོགས་ལ་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་སཱ་ཧི་ལེའི་རྒྱལ་ཁབ་ལྔའི་ལས་ཁུངས་ཚང་མ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས། དེའི་ནང་མཉམ་འབྲེལ་གྱི་འཇིགས་སྐུལ་ངོ་རྒོལ་དམག་དཔུང་ཡང་འདུས། 

མཱ་ལིའི་བར་བརྒལ་སྲིད་གཞུང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ད་ལོའི་ཟླ་གཉིས་པར་མཱ་ལིའི་རྒྱལ་ས་པཱ་མཱ་ཁི་ནས་སཱ་ཧི་ལེའི་རྒྱལ་ཁབ་ལྔའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་བསྡུ་བ་དང་མཱ་ལི་ཡིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཐག་བཅད་ཡོད་ཀྱང་། གྲོས་ཚོགས་ད་ལྟའི་བར་སྤེལ་ཐུབ་མེད། མཱ་ལི་ཡིས་བལྟས་ན་དེ་སྡེ་ཚོགས་ཀྱིས་སྔོན་ལ་བཏོན་པའི་ཆོད་དོན་དང་གཞི་རྩའི་སྲོལ་ཡིག་དང་འགལ་ཡོད་པར་འདོད་པས་ཕྱིར་འབུད་རྒྱུ་ཐག་བཅད་པ་ཡིན་ཟེར། 

ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པར་མཱ་ལི་ནས་སྲིད་འགྱུར་བྱུང་བ་དང་། དམག་མིས་སྲིད་དབང་བཟུང་བ་རེད། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཅིག་པར། མཱ་ལིའི་བར་བརྒལ་སྲིད་གཞུང་གིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པའི་སྔོན་ལ་ཆབ་སྲིད་བར་བརྒལ་དང་ཙུང་ཐུང་གི་འདེམ་བསྐོའི་བྱ་བ་ཡོངས་འགྲུབ་བྱེད་ཐབས་མེད་པར་བཤད་པས། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་མཱ་ལིའི་བར་བརྒལ་སྲིད་གཞུང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།