ཀྲུང་གོ་བོད་ཀྱི་དྲ་བ།

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་བཀག་སྡོམ་བྱས་པ་ལས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཁོ་འདོན་ལ་གནོད་པ་ཐེབས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་པཱ་ཨར་ཅིན་ཏའོ་ཡིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་བཀག་སྡོམ་བྱས་པ་ལས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཁོ་འདོན་ལ་གནོད་པ་ཐེབས་ཡོད་ཟེར། 

པཱ་ཨར་ཅིན་ཏའོ་ཡིས་ཚེས་བཅུ་བཞི་ཉིན་ཝེ་ནེ་ཙུའེ་ལཱའི་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་སོགས་འབྲེལ་ཡོད་རྒྱལ་ཁབ་ལ་དཔལ་འབྱོར་བཀག་སྡོམ་བྱས་པ་ལས་འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་ཐོན་སྐྱེད་དང་ཕྱིར་གཏོང་ནུས་པར་གནོད་པ་ཚབས་ཆེན་ཐེབས་ཡོད་ལ། རྒྱལ་ཁབ་གཞན་པའི་མི་དམངས་ཀྱིས་ནུས་ཁུངས་བེད་སྤྱོད་བྱེད་པའི་ཁེ་དབང་ལ་གནོད་པ་བཟོས་ཡོད་ཟེར། 

ཁོས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་ནི་འཛམ་གླིང་སྟེང་རྩད་ཆོད་པའི་མ་བཅོས་རྡོ་སྣུམ་གྱི་གསོག་ཚད་ཆེས་མང་བའི་རྒྱལ་ཁབ་ཅིག་ཡིན་ཡང་། ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལས་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ལས་རིགས་ཀྱིས་འཛམ་གླིང་ཡོངས་ལ་རྒྱུན་མཐུད་དང་གཏན་འཇགས་ངང་ནུས་ཁུངས་ཕྱིར་གཏོང་བྱེད་ཐབས་མེད། དེ་ལྟར་ཡིན་ཡང་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ལས་རིགས་ཀྱིས་སྔར་བཞིན་ཧ་ཅང་དཀའ་སྡུག་ཆེ་བའི་གནས་ཚུལ་འོག་ཐོན་སྐྱེད་བྱེད་བཞིན་ཡོད་པས། ཁོས་བྱ་སྤྱོད་དེར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར། 

པཱ་ཨར་ཅིན་ཏའོ་ཟླ་ལྔ་བའི་ཚེས་དྲུག་ཉིན་ཝེ་ནེ་ཙུའེ་ལཱ་རུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་དང་ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་ཀུང་ཟིའི་མཐོ་རིམ་དཔོན་པོའི་བར་གྲོས་མོལ་བྱས། ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་སྡེ་ཁག་གིས་བསྟན་དོན། པཱ་ཨར་ཅིན་ཏའོ་ཡི་ཐེངས་འདིའི་འཚམས་འདྲི་ནི་ཝེ་ནེ་ཙུའེ་ལཱའི་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་རེད་ཟེར། 

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཝེ་ནེ་ཙུའེ་ལཱའི་རྩད་ཆོད་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་གསོག་ཚད་འཛམ་གླིང་ཡོངས་ཀྱི་མདུན་གྲས་སུ་ཚུད་ཡོད། ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ཝེ་ནེ་ཙུའེ་ལཱའི་མ་བཅོས་རྡོ་སྣུམ་གྱི་གསོག་ཚད་ཟོ་ཁྲག་ཁྲིག་གསུམ་ལས་བརྒལ་སྲིད། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་ཚུན་ལ། ཝེ་ནེ་ཙུའེ་ལཱའི་རྡོ་སྣུམ་གྱི་ཐོན་སྐྱེད་བྱེད་ཚད་ཉིས་སྟོང་བཅུ་བདུན་ལོ་དང་བསྡུར་ན་བརྒྱ་ཆའི་ལྔ་བཅུའི་ཡན་ཇེ་དམའ་རུ་སོང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།