ཀྲུང་གོ་བོད་ཀྱི་དྲ་བ།

ཨིག་ཨར་པན་ཐེངས་ལྔ་བར་ཧང་ག་རིའི་ཙུང་ལིར་བདམས་ཐོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་རྒྱལ་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཨིག་ཨར་པན་ཙུང་ལིར་བདམས་ཐོན་བྱུང་བ་དང་། དེ་ནི་ཨིག་ཨར་པན་ཐེངས་ལྔ་བར་ཧང་ག་རིའི་ཙུང་ལིར་བདམས་པ་རེད། 

ཉིན་དེར་ཧང་ག་རིའི་རྒྱལ་ཚོགས་ནས་འདེམ་ཤོག་བརྒྱ་དང་སོ་གསུམ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ཉེར་བདུན་གྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཨིག་ཨར་པན་སྲིད་གཞུང་གསར་བའི་ཙུང་ལིར་བདམས་ཐོན་བྱུང་། 

ཧང་ག་རིའི་རྒྱལ་ཚོགས་ལ་བསྡོམས་པས་ལས་གནས་བརྒྱ་དང་གོ་དགུ་ཡོད་ཅིང་། ཨིག་ཨར་པན་གྱིས་མགོ་ཁྲིད་པའི་ན་གཞོན་དམངས་གཙོ་མནའ་འབྲེལ་དང་དེའི་སྲིད་འཛིན་གྲོགས་པོ་ཡེ་ཤུའི་ཆོས་ལུགས་དམངས་གཙོ་ཏང་ལ་རྒྱལ་ཚོགས་ཀྱི་ལས་གནས་སུམ་ཆའི་གཉིས་ལྷག་ཐོབ་ཡོད། ཨིག་ཨར་པན་ལ་འདེམ་ཤོག་སྤྱི་གྲངས་ཀྱི་ཕྱེད་ཀའི་ཡན་ཐོབ་ན་ཙུང་ལིར་བདམས་ཐོན་འབྱུང་ཐུབ་པ་རེད། 

ཨིག་ཨར་པན་གྱིས་དེའི་རྗེས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་རྗེས་གཏམ་བཤད་སྤེལ་ཏེ། ཧང་ག་རི་མ་འོངས་པར་དཀའ་ཁག་ཆེ་བའི་དུས་སྐབས་ཤིག་ལ་འཕྲད་སྲིད་ཅིང་། པྲོག་གསར་གློ་ཚད་རིམས་ནད་ལས་གཞན་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་བཟོས་པའི་ནུས་ཁུངས་ཉམས་ཉེན་ཡོད་ལ། དེའི་ཁར་ཨ་མེ་རི་ཁས་དངུལ་ལོར་ཚད་བརྒལ་འགྲེམ་པར་ཚད་བཀག་བྱེད་པར་སྤྱད་པའི་བུ་ལོན་ཁ་སྣོན་གྱི་བྱེད་ཐབས་ཀྱང་འདུས། དེ་དག་ཚང་མས་ཡོ་རོབ་གླིང་གི་དཔལ་འབྱོར་དེ་དུས་ཚོད་ངེས་ཅན་ཞིག་གི་ནང་ཉམས་རྒུད་དུ་གཏོང་སྲིད་ཟེར། 

ཨིག་ཨར་པན་གྱིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དེ་འབྱུང་མི་འོས་ལ། ཡོ་རོབ་གླིང་ལ་འཁྲུག་རྩོད་དེར་དོ་དམ་དང་མཇུག་སྒྲིལ་དུ་འཇུག་པའི་བྱེད་ཐབས་མེད་པ་དང་། ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་སྤྱད་པ་ལས་སྔོན་དཔག་གི་དམིགས་འབེན་དུ་བསླེབས་སྲིད་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབང་ཆ་གང་འདོད་དུ་བཀོལ་བར་སྐྱོན་བརྗོད་བྱས་ཀྱང་། ཧང་ག་རི་མ་འོངས་པའི་ལོ་བཅུའི་ནང་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་འདུག་འདོད་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།