ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་མའོ་སི་ཁོ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་སྤེལ། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་གཙོ་བོ་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ཕན་ཚུན་རོགས་ལས་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན། དེ་མིན་སྔར་ལས་ལྷག་པའི་སྒོ་ནས་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནི་ཐུན་མོང་བདེ་འཇགས་ཆིངས་ཡིག་བཀོད་ནས་ལོ་ངོ་སུམ་ཅུ་འགོར་བ་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བའི་སྐབས་སུ་སྤེལ་བ་རེད། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཧྲི་ནེ་དབྱང་། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལོ་ཧྥུའུ། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་བཅས་ཉིན་དེའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད། མཉམ་འབྲེལ་གསལ་སྒྲོག་ཅིག་བཀོད་པ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ས་ཁུལ་གྱི་ཡུན་རིང་ཞི་བདེ་ལ་འགན་སྲུང་བྱེད་པའི་འགན་ཁུར་ཡོད་པས། ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་གལ་འགངས་ཧ་ཅང་ཆེ་བར་འདོད་པ་དང་། བྱང་ཆིངས་རྩ་འཛུགས་བར་དངོས་གཉེར་མཉམ་ལས་བྱེད་འདོད་ཡོད་པ་བསྐྱར་སྒྲོག་བྱས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་དག་གི་བདེ་འཇགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་དང་། འཛམ་གླིང་ཡོངས་དང་ས་ཁུལ་གྱི་བདེ་འཇགས་སྲ་བརྟན་དུ་བཏང་སྟེ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཀུན་གྱིས་ཁས་ལེན་པའི་རྩ་དོན་གཞིར་བཟུང་ཐོག་དྲང་བདེན་སྒོས་རྒྱལ་སྤྱིའི་གནད་དོན་ཐག་གཅོད་བྱེད་དགོས། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་དང་དེ་མིན་འབྲེལ་ཡོད་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

གསལ་སྒྲོག་ལས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་དང་ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་མཐའ་མཚམས་གནས་བབ་ལ་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ལ། ཐུན་མོང་བདེ་འཇགས་ཆིངས་ཡིག་རྩ་འཛུགས་ཀྱིས་རྩ་འཛུགས་ས་ཁོངས་ཀྱི་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།