ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ་ཐོག་དང་པོར་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཏེན་གཉིས་ཀྱིས་ཚེས་བཅུ་གསུམ་ཉིན་ཁ་པར་གྲོས་མོལ་བྱས། དེ་ནི་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ནས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ཐོག་དང་པོར་ཁ་པར་གྲོས་མོལ་བྱས་པ་རེད། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་དུས་བཅད་ལྟར་ཨོ་སི་ཏེན་དང་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་དང་བཅས་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ལ་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་པུས་ཀྱིས་ཉིན་དེར་གསལ་སྒྲོག་ཐུང་ངུ་སྤེལ་ཏེ། ཨོ་སི་ཏེན་གྱིས་ཁ་པར་གཏོང་སྐབས་མྱུར་མོར་ཝུའུ་ཁི་ལན་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཨ་མེ་རི་ཁ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་འབྲེལ་འདྲིས་ཐབས་ལམ་བཀག་མེད་ཡོང་བ་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཨོ་སི་ཏེན་དང་ཧྲའོ་དབྱེ་ཀུའུ་ཡིས་ཐེངས་སྔོན་མར་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཁ་པར་གྲོས་མོལ་བྱས་པ་རེད་ཟེར། 

གཞན་ཡང་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བཤད་རྒྱུར། ཨ་མེ་རི་ཁའི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་མུས་ལེ་ཡིས་མུ་མཐུད་དུ་ཨུ་རུ་སིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀི་ལཱ་ཞི་མའོ་ཧྥུའུ་དང་ཁ་པར་གྲོས་མོལ་བྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། མིག་སྔར་ད་རུང་བྱེ་བྲག་གི་ཉིན་རིམ་བཀོད་སྒྲིག་བྱས་མེད་ཟེར། ཁོ་གཉིས་ཀྱི་ད་ལྟའི་བར་གྱི་ཆེས་མཇུག་མཐའི་ཁ་པར་གྲོས་མོལ་དེ་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་སྤེལ་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།