ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་མེ་ལུང་ནས་གནམ་གྲུ་ཞིག་སར་ལྷུང་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་མེ་ལུང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཚེས་བཅུ་གཅིག་ཉིན་ཁཱ་མེ་ལུང་གི་མངའ་ཁོངས་སུ་གནམ་གྲུ་ཆུང་བ་ཞིག་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཅུ་གཅིག་པོ་ཚང་མ་རྐྱེན་ལམ་དུ་ཤོར། 

བསྒྲགས་པ་ལྟར་ན། གནམ་གྲུ་དེ་ནི་ཁཱ་མེ་ལུང་གི་རྡོ་སྣུམ་སྐྱེལ་འདྲེན་ཀུང་ཟིའི་ཁོངས་སུ་གཏོགས་པ་དང་། ཚེས་བཅུ་གཅིག་ཉིན་དབུས་ཁུལ་ཆེན་མོའི་སཱ་ནཱ་ཀཱ་སྟོད་མ་ཞིང་ཆེན་གྱི་ནགས་ཚལ་ཁྲོད་ལྷུང་བ་རེད། རྒུད་སྐྱོབ་མི་སྣས་གནམ་གྲུ་སར་ལྷུང་ས་ནས་སྲོག་ཉེན་ལས་ཐར་བའི་མི་གཅིག་ཀྱང་རྙེད་མེད་ཟེར། 

ཁཱ་མེ་ལུང་རྡོ་སྣུམ་སྐྱེལ་འདྲེན་ཀུང་ཟིས་མཚམས་སྦྱོར་བྱས་པ་ལྟར་ན། གནམ་གྲུ་དེ་ནི་ཚེས་བཅུ་གཅིག་ཉིན་གྱི་ཉིན་གུང་རྒྱལ་ས་ཡཱ་ཝུན་ཏི་ནས་བྱང་ཁུལ་ཆེན་མོའི་རྡོ་སྣུམ་ཕྱིར་འདྲེན་ས་ཚིགས་ཤིག་ཏུ་ལས་འགན་ལག་བསྟར་བྱེད་དུ་ཆས་པ་དང་། འཕུར་ནས་ཅང་མ་འགོར་བར་མཁའ་ལམ་དོ་དམ་སྡེ་ཁག་གིས་འབྲེལ་གཏུག་བྱེད་ཐབས་མེད་པར་གྱུར་བ་རེད། གནམ་གྲུའི་སྟེང་དུ་འགྲུལ་བ་དགུ་དང་གནམ་གྲུའི་ལས་བྱེད་མི་སྣ་གཉིས་ཡོད་ཟེར། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་དེ་འབྲེལ་གཏུག་བྱེད་ཐབས་མེད་པར་མ་གྱུར་གོང་དྲག་རླུང་ལ་འཕྲད་པ་རེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།