ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཐོག་དང་པོར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ངོས་བཟུང་བ་སྙན་ཞུ་བྱས་པ་དང་ཆེས་མཐོ་བའི་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་རྒྱལ་ཁབ་བྲེལ་མྱུར་རིམས་འགོག་སྡེ་ཁག་གིས་ཟླ་འདིའི་ཚེས་བརྒྱད་ཉིན་ཕེན་རང་གི་ཚ་རྒྱས་པའི་ནད་རྟགས་ཅན་གྱི་ནད་པ་རེ་འགར་དཔེ་འཐེན་ཞིབ་བཤེར་བྱས་རྗེས་མི་ལ་ལར་ཨོ་མུས་ཁེ་རོན་ནད་དུག་འགོས་ཡོད་པ་ཤེས། དེ་ནི་པྲོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ཀྱི་ས་ཁུལ་མང་བོར་བྱུང་བའི་ཚུན་ལ། ཁྲའོ་ཞན་གྱིས་ཐོག་དང་པོར་ས་གནས་རང་ནས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ངོས་བཟུང་བ་སྙན་ཞུ་བྱས་པ་རེད། 

ཁྲའོ་ཞན་ངལ་རྩོལ་ཏང་གིས་ཚེས་བཅུ་གཉིས་ཉིན་བྲེལ་མྱུར་ངང་ངལ་རྩོལ་ཏང་གི་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས་ཏེ། ཆེས་མཐོ་བའི་པྲོག་གསར་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཐག་བཅད། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་ཨིན་གྱིས་ཚོགས་ཐོག་ནས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་པྲོག་གསར་ནད་དུག་འགོ་བའི་རྒྱུན་རྩ་བ་ནས་གཅོད་དགོས་པ་དང་། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པའི་ཞོར་དུ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་སོ་སོར་ཡོངས་སུ་བཀག་སྡོམ་བྱེད་དགོས་པར་མ་ཟད། སྡེ་ཁག་སོ་སོས་བཀག་སྡོམ་གྱི་རྣམ་པའི་འོག་ཚོང་གཉེར་ཐོན་སྐྱེད་བྱ་འགུལ་སྤེལ་དགོས་པ་ནན་གྱིས་བསྟན། ཁོས་ད་རུང་འཕྲོད་བསྟེན་སྡེ་ཁག་དང་འཕྲལ་སྒྲུབ་རིམས་འགོག་སྡེ་ཁག་གིས་ཚགས་དམ་པའི་ཞིབ་བཤེར་ནན་མོ་བྱེད་པ་དང་། གསོ་རིག་བརྟག་དཔྱད་དང་གསོ་བཅོས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་པའི་རེ་བ་བཏོན། 

ཅིན་ཀྲིན་ཨིན་གྱིས་བཤད་རྒྱུར། ཏང་དང་སྲིད་གཞུང་གི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱད་དེ། གང་ནུས་ཀྱིས་མི་དམངས་མང་ཚོགས་ཀྱི་འགོག་སྡོམ་བྱེད་ཐབས་ནན་མོའི་འོག་གི་སྟབས་བདེ་མིན་པ་དང་དཀའ་ལས་ཆེ་བའི་སྣང་ཚུལ་ཇེ་ཉུང་དུ་བཏང་ནས་འཚོ་བའི་སྒྲིག་ལམ་གཏན་འཇགས་ཡོང་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།