ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་འཇིགས་སྐུལ་ཉེས་ཅན་བཅུ་བཞི་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནཱ་ཕྱེད་གླིང་ནས་འཇིགས་སྐུལ་ཉེས་ཅན་བཅུ་བཞི་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་ཚེས་བཅུ་གཅིག་ཉིན་ཞི་ནཱ་ཕྱེད་གླིང་གི་དམག་ཕྱོགས་སོ་ལྟ་ཁང་ཞིག་ལ་འཇབ་རྒོལ་བྱས་པ་དང་། བདེ་འཇགས་དམག་དཔུང་གིས་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་བྱེད་སྐབས་འཇིགས་སྐུལ་ཉེས་ཅན་བདུན་བསད། དེ་མིན་རང་འགུལ་མེ་མདའ་དང་ལག་འབོམ། སྐུད་མེད་འཕྲིན་གཏོང་སྒྲིག་ཆས་སོགས་གཞུང་བཞེས་བྱས་ཡོད་ཟེར། གཞན་ཡང་འཇིགས་སྐུལ་ཉེས་ཅན་བདུན་དམག་ཕྱོགས་ཀྱིས་ཉིན་དེའི་ཞོགས་པར་སྤེལ་བའི་བར་སྣང་འཇབ་རྒོལ་དོན་རྐྱེན་ཁྲོད་བསད་པ་ཡིན་ཟེར། 

ཟླ་འདིའི་ཚེས་བདུན་ཉིན། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་ཞི་ནཱ་ཕྱེད་གླིང་ནུབ་ངོས་ཀྱི་ཆུ་འདྲེན་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། ས་དེའི་ཉེན་སྲུང་བྱེད་པའི་བདེ་འཇགས་དམག་དཔུང་གིས་རྒོལ་ལན་སྤྲད་དེ་འཇིགས་སྐུལ་ཉེས་ཅན་མཐར་སྐྲོད་བཏང་། འཁྲུག་རྩོད་དེ་ལས་དམག་ཕྱོགས་ཀྱི་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། དམག་ཕྱོགས་ཀྱིས་དེའི་རྗེས་སུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བར་མ་ཟད། ཉིན་དེའི་བར་སྣང་འཇབ་རྒོལ་ཁྲོད་འཇིགས་སྐུལ་ཉེས་ཅན་དགུ་བསད་པ་རེད། 

ཉེ་བའི་ལོ་འགའི་རིང་ལ། ཨེ་ཅིབ་ཀྱི་འཇིགས་སྐུལ་ངོ་རྒོལ་གྱི་གནས་བབ་ཛ་དྲག་ཡིན་ཞིང་། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་ཐེངས་མང་སྤེལ་ནས། འཇིགས་སྐུལ་ཉེས་ཅན་སྟོང་ཕྲག་ལྷག་བསད་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།