ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་དང་དབྱིན་ཇི་ཡིས་ཆབ་སྲིད་བསྒྲགས་གཏམ་བཀོད་དེ་མཉམ་ལས་ལ་ཤུགས་སྣོན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཨན་ཏི་སུང་གིས་ཚེས་བཅུ་གཅིག་ཉིན་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་བསྒྲགས་གཏམ་བཀོད་པ་དང་། དམིགས་ཡུལ་ནི་དམག་དོན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་ཆེད་རེད། 

སུའེ་ཏེན་སྲིད་གཞུང་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨན་ཏི་སུང་དང་ཡའོ་ཧན་ཞོན་གྱིས་ཚེས་བཅུ་གཅིག་ཉིན་རྒྱལ་ས་སི་ཏི་ཀི་ཨར་མའོ་ནུབ་ངོས་ཀྱི་སྤྱི་ལེ་བརྒྱ་དང་ཉི་ཤུ་ཡོད་པའི་ཧཱ་ཕུའུ་སུང་ཏིའི་དབུ་བཞུགས་བློན་ཆེན་གྱི་དབྱར་གནས་གཞིས་ཀ་ནས་གྲོས་མོལ་བྱས་ནས། ཡོ་རོབ་གླིང་གི་ཛ་དྲག་ཆེ་བའི་བདེ་འཇགས་སྲིད་ཇུས་ཀྱི་གནས་བབ་དང་། སུའེ་ཏེན་དང་དབྱིན་ཇིའི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སོགས་གྲོས་གཞིར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་བསྒྲགས་གཏམ་བཀོད། 

བསྒྲགས་གཏམ་ལས་བཤད་རྒྱུར། སུའེ་ཏེན་དང་དབྱིན་ཇི་རྒྱལ་ཁབ་གང་ཡིན་ཡང་ཟབ་ཅིང་སྟོབས་དང་ལྡན་པའི་རྒྱལ་སྲུང་དང་བདེ་འཇགས་མཉམ་ལས་བྱེད་པར་རེ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ས་ཁོངས་དང་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་དེ་ཐུན་མོང་འགུལ་སྐྱོད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་ངོས་ཟིན་ཡོད་ཟེར། 

བསྒྲགས་གཏམ་ལས་ནན་གྱིས་བསྟན་དོན། གནོད་འཚེ་དང་འཇབ་རྒོལ་མྱོང་སྐབས་རྒྱལ་ཁབ་གཉིས་ཀྱིས་རྣམ་པ་མི་འདྲ་བའི་སྒོ་ནས་ཕན་ཚུན་རོགས་རམ་བྱེད་རྒྱུ་ཡིན་ལ། དེའི་ནང་དམག་དོན་བྱེད་ཐབས་ཀྱང་འདུས་ཡོད་ཟེར། 

ཨན་ཏི་སུང་གིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འགོག་སྲུང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་ཟེར། ཁོ་མོས་བཤད་རྒྱུར། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་རེ་འདུན་ཡིན་ལ། ཁྱད་པར་དུ་བདེ་འཇགས་དང་རྒྱལ་སྲུང་ཐད་ནས་མཉམ་ལས་ཟབ་མོ་བྱེད་དགོས་ཟེར། ཡའོ་ཧན་ཞོན་གྱིས་བསྟན་དོན། ཁོས་ཆབ་སྲིད་བསྒྲགས་གཏམ་དེ་བཀོད་པར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།