ཀྲུང་གོ་བོད་ཀྱི་དྲ་བ།

འགྲན་རྩོད་ཚོགས་ཁག་གིས་མཱ་ཁི་སི་ལ་ཧྥེ་ལེ་པེན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་རྒྱལ་ཕྲན་མཉམ་འབྲེལ་ཏང་གི་ཙུང་ཐུང་འདེམ་སྒུག་པ་མཱ་ཁི་སི་ཡི་འགྲན་རྩོད་ཚོགས་ཁག་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། མཱ་ཁི་སི་ལ་ཚེས་དགུ་ཉིན་སྤེལ་བའི་ཧྥེ་ལེ་པེན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་ཁྱབ་བསྒྲགས་བྱས། 

འགྲན་རྩོད་ཚོགས་ཁག་གི་མགྲིན་ཚབ་པ་ཝེ་ཁི་ཏའོ་ལོ་ཏི་ལི་ཀི་སི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། མཱ་ཁི་སི་ཡིས་ཆབ་སྲིད་ཕྱོགས་ཁག་སོ་སོའི་བར་ཐུན་མོང་ལྟ་ཚུལ་འཚོལ་ཞིབ་བྱས་ཏེ་མཐུན་སྒྲིལ་མངོན་འགྱུར་བྱེད་རྒྱུ་མ་ཟད། རྒྱལ་ནང་གི་སྟོབས་ཤུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ལས་ལ་བརྟེན་ནས་ཧྥེ་ལེ་པེན་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་རྒྱུའི་རེ་བ་ཡོད་ཟེར། 

ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་བར་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་གཉིས་དྲུག་གི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། མཱ་ཁི་སི་ལ་ཐོབ་པའི་འདེམ་ཤོག་གི་ཚད་བརྒྱ་ཆའི་ང་བརྒྱད་ལས་བརྒལ་ཡོད་པ་དང་། འགྲན་ཡ་གཙོ་བོ། ད་ལྟའི་ཙུང་ཐུང་གཞོན་པ་ལའེ་ནེ་ལོ་པུའུ་ལོས་ཏའོ་ལས་རྣམ་པར་རྒྱལ་ཡོད་པ་རེད། ཧྥེ་ལེ་པེན་རྒྱལ་ཚོགས་ཀྱིས་ཟླ་འདིའི་ཟླ་སྨད་དུ་གྲོས་ཚོགས་བསྡུས་ནས་འདེམ་བསྐོའི་མཇུག་འབྲས་དངོས་སུ་བསྒྲག་རྒྱུ་རེད། 

ཧྥེ་ལེ་པེན་གྱིས་ཚེས་དགུ་ཉིན་རྒྱལ་ཡོངས་དང་ས་གནས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། སྐབས་གསར་བའི་ཙུང་ཐུང་དང་ཙུང་ཐུང་གཞོན་པ། རྒྱལ་ཚོགས་ཀྱི་གྲོས་མི། ས་གནས་སྲིད་འཛིན་དཔོན་པོ་དང་གྲོས་མི་བཅས་བདམས་པ་རེད། ཧྥེ་ལེ་པེན་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ཙུང་ཐུང་གི་འགན་ཡུན་ལོ་དྲུག་ཡིན་པ་དང་། བསྟུད་འགན་ཁུར་མི་རུང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།