ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་རྒྱལ་ཚོགས་ནས་དཔལ་འབྱོར་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ལ་ཆོག་མཆན་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་སྤྲད་པའི་དཔལ་འབྱོར་བདེ་འཇགས་འགན་སྲུང་གི་སྐུལ་འདེད་བཅའ་ཁྲིམས་འཆར་ཟིན་ལ་ཚེས་བཅུ་གཅིག་ཉིན་རྒྱལ་ཚོགས་གྲོས་ཞུགས་ཁང་ནས་ཆོག་མཆན་ཐོབ། བཅའ་ཁྲིམས་འཆར་ཟིན་དེར་ཟླ་སྔོན་མར་དམངས་གྲོས་ཁང་ནས་གྲོས་འཆམ་བྱུང་ཡོད་པས། གྲོས་ཞུགས་ཁང་ནས་ཆོག་མཆན་ཐོབ་ཚེ་འཇར་པན་གྱི་དཔལ་འབྱོར་བདེ་འཇགས་འགན་སྲུང་བཅའ་ཁྲིམས་དངོས་སུ་ནུས་ལྡན་དུ་གྱུར་བ་རེད། 

བཅའ་ཁྲིམས་འཆར་ཟིན་དེར་གཙོ་བོ་མཁོ་འདོན་གྱི་མུ་འབྲེལ་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་གནད་འགག་གི་རྨང་གཞིའི་སྒྲིག་ཆས་ཀྱི་ཞིབ་བཤེར་ལ་ཤུགས་སྣོན་པ། ཆེད་ཁེ་གཙོ་བོ་ཡོངས་བསྒྲགས་མི་བྱེད་པ། དཔོན་འབངས་ཀྱིས་རོགས་ལས་བྱས་ནས་རྩེར་སོན་ལག་རྩལ་གྱི་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་པ་བཅས་ནང་དོན་ཆེན་པོ་བཞི་འདུས་ཡོད། 

བཅའ་ཁྲིམས་འཆར་ཟིན་དེར་བྱེ་བྲག་ཏུ་སྲིད་གཞུང་གི་རོགས་སྐྱོར་ལམ་ལུགས་བཙུགས་ཤིང་། སྲིད་གཞུང་གིས་ཁ་གསབ་བྱེད་པ་བརྒྱུད་དེ་བཟོ་གྲྭ་དང་ཚོང་བ་གལ་ཆེན་དག་གིས་འཇར་པན་ནས་བཟོ་གྲྭ་འཛུགས་པར་ནང་འགུག་བྱས་ཏེ། གློག་འདྲེན་ཕྱེད་གཟུགས་སོགས་དངོས་པོ་གལ་ཆེན་དག་འཇར་པན་རྒྱལ་ནང་ནས་ཐོན་སྐྱེད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྔོན་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་བཙུགས་ནས། འཕྲིན་གཏོང་དང་ནུས་ཁུངས། དངུལ་ལོར་ཁྱབ་ཁོངས་བཅས་ཀྱི་ཁེ་ལས་དག་གིས་སྒྲིག་ཆས་དང་མ་ལག་གལ་ཆེན་ནང་འདྲེན་བྱེད་སྐབས། སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཐོན་རྫས་དང་མ་ལག་ལ་ཞིབ་བཤེར་བྱེད་པའི་ཤུགས་སྣོན་བྱེད་པ། མཚོན་ཆ་གསར་སྤེལ་བྱེད་པ་སོགས་སུ་བཀོལ་ཆོག་པའི་རྩེར་སོན་ལག་རྩལ་ཕྱི་ལ་ཤོར་བར་སྔོན་འགོག་བྱེད་ཆེད། སྲིད་གཞུང་གིས་ཆེད་ཁེ་སྙན་ཞུ་མཁན་ལ་ཁ་གསབ་སྟེར་བའི་ཐབས་ཀྱིས་འབྲེལ་ཡོད་ཆེད་ཁེ་ཡོངས་བསྒྲགས་བྱེད་པར་ཚོད་འཛིན་བྱེད་པ། མིའི་ཐབས་ཀྱི་རིག་ནུས་སོགས་རྩེར་སོན་ལག་རྩལ་གྱི་གསར་སྤེལ་ཐད་མ་དངུལ་དང་བརྡ་འཕྲིན་འདོན་སྤྲོད་བྱས་ཏེ། འཇར་པན་གྱི་ཁྱབ་ཁོངས་གཙོ་བོའི་ལག་རྩལ་རྨང་གཞིར་འགན་སྲུང་བྱེད་པ་བཅས་འདུས། 

གསར་འགྱུར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བཅའ་ཁྲིམས་འཆར་ཟིན་དེ་སང་ལོའི་དཔྱིད་མགོ་ནས་བཟུང་དུས་རིམ་བགོས་ནས་ལག་བསྟར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།