འཇར་མན་དང་ཧྥ་རན་སིའི་མགོ་ཁྲིད་པས་སྟོབས་དང་ལྡན་པའི་རང་བདག་གི་ཡོ་རོབ་གླིང་འཛུགས་སྐྲུན་བྱེད་དགོས་པ་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་སྲིད་གཞུང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་ཚེས་དགུ་ཉིན་པའོ་ལིན་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་སྟོབས་དང་ལྡན་ཞིང་རང་བདག་གི་ཡོ་རོབ་གླིང་སྒྲོམ་གཞིའི་ནང་མཉམ་དུ་དུས་རབས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པ་ནན་གྱིས་བསྟན། 

དེ་ནི་མཱ་ཁི་ལུང་གིས་བསྟུད་འགན་ཁུར་རྗེས་ཐོག་དང་པོར་རྒྱལ་ཁབ་གཞན་པར་འཚམས་འདྲི་བྱས་པ་རེད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་གལ་ཆེན་རང་བཞིན་གླེང་། ཧྲའོ་ཨར་ཚི་ཡིས་བཤད་རྒྱུར། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་བཟང་བོ་དེ་ཡོ་རོབ་གླིང་ཧྲིལ་བོའི་འཕེལ་རྒྱས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། མཱ་ཁི་ལུང་གིས་བསྟན་དོན། ཕྱོགས་གཉིས་ཀྱི་མཛའ་བརྩེ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་དམ་དུ་སྦྲེལ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མཉམ་དུ་སྔར་ལས་སྟོབས་ལྡན་དང་རང་བདག་ཡིན་ལ། མཐུན་སྒྲིལ་ལྡན་པའི་ཡོ་རོབ་གླིང་ཞིག་འཛུགས་སྐྲུན་བྱས་ཏེ་མཉམ་དུ་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་རྒྱུའི་རེ་བ་ཡོད་ཟེར། 

མཱ་ཁི་ལུང་གིས་ཚེས་དགུ་ཉིན་འཇར་མན་དུ་འཚམས་འདྲི་མ་བྱས་གོང་ཧྥ་རན་སིའི་ཐི་ལཱ་སི་བཙན་རྫོང་ནས་ཡོ་རོབ་གླིང་གྲོས་ཁང་ལ་གཏམ་བཤད་སྤེལ་སྐབས་ཡོ་རོབ་གླིང་གིས་ཡོ་རོབ་གླིང་མནའ་འབྲེལ་ལས་ལྷག་ཏུ་རྒྱ་ཆེ་བའི་ཆབ་སྲིད་ཐུན་མོང་ཚོགས་པ་ཞིག་བཙུགས་ཏེ། ཡོ་རོབ་གླིང་མནའ་འབྲེལ་མ་གཏོགས་པའི་རྒྱལ་ཁབ་དག་ཡོ་རོབ་གླིང་གི་སྲོག་ཤིང་རིན་ཐང་ཁྱིམ་རའི་ནང་ཞུགས་པར་ཆོག་མཆན་འགོད་དགོས་པའི་གྲོས་གཞི་བཏོན་པ་དང་། དམིགས་ཡུལ་ནི་ཡོ་རོབ་གླིང་སྐམ་ས་ཆེན་མོའི་གཏན་འཇགས་སྲུང་འཛིན་བྱེད་ཆེད་ཡིན། དབྱིན་ཇི་དང་ཝུའུ་ཁི་ལན་འདུས་པའི་ཡོ་རོབ་གླིང་གི་དམངས་གཙོ་རྒྱལ་ཁབ་མང་བོས་ཐུན་མོང་ཚོགས་པ་དེའི་སྒྲོམ་གཞིའི་ནང་ཆབ་སྲིད་མཉམ་ལས་ཀྱི་བར་སྟོང་གསར་བ་འཚོལ་ཞིབ་བྱས་ཆོག་ལ། མཉམ་ལས་ཀྱི་ནང་དོན་དེ་བདེ་འཇགས་དང་ནུས་ཁུངས། འགྲིམ་འགྲུལ། རྨང་གཞིའི་སྒྲིག་ཆས་ཀྱི་དངུལ་གཏོང་། འགུལ་སྐྱོད་རང་དབང་སོགས་ལ་འབྲེལ་ཡོད་ཟེར། ཧྲའོ་ཨར་ཚི་ཡིས་དེ་ནི་སྤྲོ་བ་ལྡན་པའི་གྲོས་གཞི་ཞིག་རེད་ཟེར། 

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་མུ་མཐུད་དུ་ཝུའུ་ཁི་ལན་ལ་དཔལ་འབྱོར་དང་དམག་དོན་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་ཚུལ་བསྟན་པ་དང་། གང་མགྱོགས་སྒོས་འཁྲུག་རྩོད་མཚམས་བཞག་སྟེ་འཐབ་འཁྲུག་དེ་རྒྱལ་ཁབ་གཞན་པར་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།