ཐུར་ཁེའི་ཙུང་ཐུང་གིས་ཐུར་ཁེ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱིས་སྔ་མོ་ནས་མེ་སྒོར་ཐེར་ཆེན་གཅིག་གི་ཉོ་ཚོང་འབོར་གྲངས་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་ཉིན་བསྟན་དོན། ཐུར་ཁེ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱིས་སྔ་མོ་ནས་མེ་སྒོར་ཐེར་ཆེན་གཅིག་གི་ཉོ་ཚོང་འབོར་གྲངས་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་དགོས་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཨན་ཁཱ་ལཱ་ནས་འཚམས་འདྲིར་ཡོང་བའི་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་གནས་བབ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས། 

ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིས་སྟོང་ཉེར་གཅིག་ལོར་ཐུར་ཁེ་དང་ཧཱ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་ལྔ་དང་དུང་ཕྱུར་གསུམ་ལས་བརྒལ་བ་དང་། ལོ་སྔོན་མ་ལས་བརྒྱ་ཆའི་ང་བརྒྱད་འཕར་སྣོན་བྱུང་ཡོད་ལ། སྔར་གཏན་འཁེལ་བྱས་པའི་མེ་སྒོར་ཐེར་ཆེན་ལྔའི་དམིགས་འབེན་ལས་བརྒལ་ཡོད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ན་མྱུར་མོར་མེ་སྒོར་ཐེར་ཆེན་གཅིག་གི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པའི་རེ་བ་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ད་ལོ་ནི་ཐུར་ཁེ་དང་ཧཱ་སག་སི་ཐན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྟོབས་དང་ལྡན་པའི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕར་བར་བྱེད་རྒྱུ་ཡིན་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་ནི་ཧཱ་སག་སི་ཐན་གྱིས་ཧ་ཅང་གལ་ཆེ་བའི་འཐབ་ཇུས་གྲོགས་པོ་ཡིན། འཚམས་འདྲིའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་སྤྱི་འབོར་མེ་སྒོར་ཐེར་འབུམ་གཅིག་གི་ཚོང་ལས་གྲོས་མཐུན་བཀོད་ཡོད་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཚེས་བཅུ་ཉིན་ཨན་ཁཱ་ལཱ་རུ་འབྱོར་ནས། ཐུར་ཁེ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། དེ་ནི་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཙུང་ཐུང་གི་ལས་འགན་ཁུར་བའི་ཚུན་ལ་ཐུར་ཁེ་རྒྱལ་ཁབ་ལ་ཐོག་དང་པོར་འཚམས་འདྲི་བྱས་པ་རེད། །




རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།