དབྱིན་ཞེ་ཡོའེ་ཡིས་དམ་བཅའ་བཞག་སྟེ་ཧན་གོའི་ཙུང་ཐུང་གི་འགན་ཁུར།

༡.jpg

 ཟླ་ལྔ་བའི་ཚེས་བཅུ་ཉིན། ཧན་གོའི་ཧྲིག་ཨར་ནས། དབྱིན་ཞེ་ཡོའེ་དམ་བཅའ་བཞག་སྟེ་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོར་ཞུགས། ཧན་གོའི་གསར་དུ་བདམས་པའི་ཙུང་ཐུང་དབྱིན་ཞེ་ཡོའེ་ཡིས་ཚེས་བཅུ་ཉིན་ཧན་གོའི་རྒྱལ་ཚོགས་གྲོས་ཁང་ཆེན་མོའི་མདུན་གྱི་རྒྱལ་ཚོགས་ཐང་ཆེན་ནས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གསར་དུ་བདམས་པའི་ཙུང་ཐུང་དབྱིན་ཞེ་ཡོའེ་ཡིས་ཚེས་བཅུ་ཉིན་ཧན་གོའི་རྒྱལ་ཚོགས་གྲོས་ཁང་ཆེན་མོའི་མདུན་གྱི་རྒྱལ་ཚོགས་ཐང་ཆེན་ནས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཧན་གོའི་སྐབས་ཉི་ཤུ་བའི་ཙུང་ཐུང་དུ་གྱུར་བ་རེད། 

ཉིན་དེའི་སྔ་དྲོར་དབྱིན་ཞེ་ཡོའེ་རྒྱལ་བཙུགས་བང་སོར་མཇལ་ཕྱག་བྱས་རྗེས་དངོས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། དབྱིན་ཞེ་ཡོའེ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། དེང་སྐབས་འཛམ་གླིང་དེ་པྲོག་གསར་གློ་ཚད་རིམས་ནད་དང་ཉོ་ཚོང་གི་རྣམ་པའི་འགྱུར་ལྡོག མཁོ་འདོན་མུ་འབྲེལ་གྱི་བསྐྱར་འཛུགས། ནམ་ཟླའི་འགྱུར་ལྡོག འབྲུ་རིགས་ཐོན་ཁུངས་ཉམས་ཉེན་སོགས་འགྲན་རྩོད་སྣ་ཚོགས་ལ་འཕྲད་ཡོད། དཀའ་གནད་དེ་དག་རྒྱལ་ཁབ་གཅིག་དང་ཡང་ན་རྒྱལ་ཁབ་རེ་འགའི་འབད་བརྩོན་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་མ་རེད་ཟེར། 

ཁོས་བཤད་རྒྱུར། ཧན་གོའི་མདུན་དུ་ལྷགས་པའི་མཐའ་གཉིས་སུ་ལྷུང་བའི་སྤྱི་ཚོགས་འགལ་བ་ཐག་གཅོད་བཟང་བོ་བྱེད་དགོས་ན། གནད་འགག་ནི་དཔལ་འབྱོར་འཕར་སྣོན་མགྱོགས་པོ་འབྱུང་བ་མངོན་འགྱུར་བྱེད་དགོས་ལ། དེ་ཚན་རྩལ་གསར་གཏོད་དང་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་ཟེར། 

དབྱིན་ཞེ་ཡོའེ་ཡིས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་བཏང་ན་ཁྲའོ་ཞན་ཕྱེད་གླིང་ལ་རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ཨེ་ཤ་ཡཱ་གླིང་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་ལའང་བྱས་རྗེས་འཇོག་ཐུབ། ཧན་གོས་ཞི་བའི་སྒོ་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པའི་སྒོ་གླེགས་ཡངས་པོར་ཕྱེ་འདོད་ཡོད་ཟེར། 

ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་འཐུས་མི་སུམ་བརྒྱ་ལྷག་ཉིན་དེའི་ལས་འགན་ཁུར་བའི་མཛད་སྒོར་ཞུགས། 

ཙུང་ཐུང་གི་ལས་འགན་ཁུར་རྗེས། དབྱིན་ཞེ་ཡོའེ་ཧྲིག་ཨར་གྲོང་ཁྱེར་གྱི་ལུང་ཧྲན་ས་ཁུལ་གྱི་རྒྱལ་སྲུང་ཐོག་ཁང་ཆེན་མོའི་གསར་དུ་ལས་པའི་ཙུང་ཐུང་གི་གཞུང་སྒྲུབ་ཁང་དུ་སོང་། ཧན་གོའི་ཙུང་ཐུང་རིམ་བྱོན་གྱི་གཞུང་སྒྲུབ་བྱེད་ས་ཆིན་ཝ་ཐེ་ཚེས་བཅུ་ཉིན་ནས་བཟུང་དངོས་སུ་མང་ཚོགས་ལ་སྒོ་འབྱེད་བྱེད་རྒྱུ་རེད། 

དབྱིན་ཞེ་ཡོའེ་ལ་ཟླ་གསུམ་པའི་ཚེས་དགུ་ཉིན་སྤེལ་བའི་ཧན་གོའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་རེད། ཧན་གོའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འགན་ཡུན་ལོ་ལྔ་ཡིན་པ་དང་བསྟུད་འགན་ཁུར་མི་རུང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།