ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཧི་ལན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་ཉིན་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཧི་ལན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧུའུ་ཁི་སི་ཐི་ལཱ་དང་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་པེ་ཨར་པའོ་ཁི་གཉིས་དང་ཐུག་འཕྲད་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་བབ་དང་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་མདུན་ལྗོངས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཝུའུ་ཁི་ལན་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཧི་ལན་དང་འཇར་མན་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། རྒྱལ་ཁབ་དེ་གཉིས་ཝུའུ་ཁི་ལན་གྱི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ནང་ཞུགས་པར་གདན་ཞུ་བྱས། ཁོས་བཤད་རྒྱུར། མཱ་ཞེ་ཨར་འཆར་གཞི་ལྟ་བུའི་ཝུའུ་ཁི་ལན་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་འཆར་གཞི་ཞིག་གཏན་འབེབས་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

གཞན་ཡང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། པེ་ཨར་པའོ་ཁི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་དང་གྲོས་མོལ་བྱས། པེ་ཨར་པའོ་ཁི་ཡིས་དེའི་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་གྱིས་དམག་དོན་ཐད་ནས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་སྔོན་ཐོན་གྱི་མཚོན་ཆ་འདོན་སྤྲོད་བྱེད་པ་དང་། ཝུའུ་ཁི་ལན་གྱི་དམག་མིས་འཇར་མན་གྱིས་བཟོས་པའི་སྒྱོགས་མདེལ་ཇི་ལྟར་བེད་སྤྱོད་བྱེད་པར་སྦྱོང་བྱེད་པ། དེ་མིན་ཝུའུ་ཁི་ལན་ལ་རོགས་བྱས་ནས་ས་འོག་འགད་རྫས་གཙང་སེལ་བྱེད་པ་སོགས་འདུས་ཡོད་ཟེར། 

པེ་ཨར་པའོ་ཁི་ཡིས་ཉིན་དེར་ད་རུང་ཝུའུ་ཁི་ལན་དུ་ཡོད་པའི་འཇར་མན་གྱི་གཞུང་ཚབ་ཁང་ཆེན་མོ་ཡང་བསྐྱར་སྒོ་འབྱེད་རྒྱུ་ཁྱབ་བསྒྲགས་བྱས། གཞུང་ཚབ་ཁང་དེ་ཟླ་གཉིས་པའི་ཟླ་དཀྱིལ་ཚུན་ལ་སྒོ་བརྒྱབ་ཡོད་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།