ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་ལྔ་བའི་ཚེས་དགུ་ཉིན། ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲག་ཆས་སྟོབས་ཤུགས་ཀྱི་སྐམ་དམག་གི་དམག་སྤྱི་ཨོ་ལེ་ཀི་སཱ་ལིའུ་ཁི་ཧྥུའུ་གཉིས་ཀྱིས་དམག་དཔུང་ལ་གཟིགས་སྐོར་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་ཡིས་ཚེས་དགུ་ཉིན་མའོ་སི་ཁོའི་དམར་ཐང་ནས་དམག་གཟིགས་མཛད་སྒོ་སྤེལ་ཏེ། རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་བདུན་འགོར་བར་རྗེས་དྲན་ཞུས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་དམག་གཟིགས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། མེས་རྒྱལ་གྱི་ལས་དབང་དེ་གནད་འགག་གི་གདམ་གསེས་ལ་འཕྲད་ཡོད་པ་དང་། མེས་རྒྱལ་དུས་གཏན་དུ་བླ་མེད་ཡོང་བར་སྲུང་སྐྱོབ་བྱེད་དགོས་ཟེར། 

དམག་གཟིགས་མཛད་སྒོ་དེ་སྔ་དྲོའི་དུས་ཚོད་བཅུའི་སྟེང་མགོ་བརྩམས། ཨུ་རུ་སིའི་དམག་དཔུང་གི་གཟབ་སྦྲེང་རུ་ཁག་གིས་ཨུ་རུ་སིའི་རྒྱལ་དར་དང་རྒྱལ་ཁའི་དར་ཆ་སྲུང་བཞིན། བླ་མེད་ཀྱི་འཐབ་འཁྲུག་ཅེས་པའི་རོལ་དབྱངས་ཀྱི་རམ་འདེགས་འོག་དམར་ཐང་དུ་ཡོང་། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་རླངས་འཁོར་ལ་བསྡད་དེ་དམར་ཐང་ལ་སྐོར་བ་གཅིག་བྱས་པ་དང་། དམག་གཟིགས་དང་ལེན་བྱེད་པའི་དཔོན་དམག་ལ་རྒྱལ་ཁའི་ཉིན་མོང་རྟེན་འབྲེལ་ཞུས། 

ཕུའུ་ཅིན་གྱིས་དམག་གཟིགས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོའི་ཟླ་ལྔ་བའི་ཚེས་དགུ་ཉིན་དེ་དུས་གཏན་དུ་ལོ་རྒྱུས་དེབ་ཐེར་དུ་བཀོད་ཡོད་ཅིང་། ང་ཚོས་དཔའ་མཛངས་ལྡན་པའི་རྒྱལ་ཁ་ལེན་མཁན་དག་རང་གི་ང་རྒྱལ་དུ་བསམ་ཡོད་ལ། ང་ཚོའི་འགན་འཁྲི་ནི་ཁོ་ཚོའི་བསླབ་བྱ་ཡིད་ལ་དམ་པོར་བཟུང་སྟེ། དོགས་ཟོན་མཐོར་འདེགས་སྒོས་འཛམ་གླིང་འཁྲུག་ཆེན་ཡང་བསྐྱར་མི་འབྱུང་བར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ན་ནིང་ཟླ་བཅུ་གཉིས་པར་ཨུ་རུ་སིའི་ཕྱོགས་ཀྱིས་བདེ་འཇགས་འགན་སྲུང་ཆིངས་ཡིག་འགོད་པའི་གྲོས་གཞི་བཏོན་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ལྷག་བསམ་རྣམ་དག་གི་གྲོས་མོལ་བྱས་ཏེ་ལུགས་མཐུན་མཐུན་སྦྱོར་བྱེད་པའི་ཐག་གཅོད་ཇུས་གཞི་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་ཡང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དེར་ཉན་འདོད་མི་འདུག་ལ། དོན་དངོས་སུ་དམིགས་ཡུལ་གཞན་པ་ཡོད་པ་རེད་ཟེར། ཨུ་རུ་སི་ཡིས་ལག་སྔ་རྩད་དེ་བཙན་འཛུལ་ལ་རྒོལ་ལན་སྤྲད་པ་དང་། དེ་ནི་ཨུ་རུ་སིའི་ཕྱོགས་ལ་བྱ་ཐབས་ཟད་པའི་ཆོད་དོན་ཅིག་ཡིན་ལ། ཨུ་རུ་སི་སྟོབས་དང་ལྡན་པའི་རང་བདག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་དུས་ལྟར་བཏོན་པའི་ཡང་དག་པའི་ཆོད་དོན་གཅིག་པུའང་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཉིན་དེར་བསྡོམས་པས་དམག་མི་ཁྲི་གཅིག་དང་སྟོང་གཅིག་དང་། རྐང་དམག་རུ་དཔུང་སོ་གསུམ། དེང་རབས་ཅན་གྱི་མཚོན་ཆ་དང་དམག་དོན་ལག་རྩལ་གྱི་སྒྲིག་ཆས་བརྒྱ་དང་སོ་གཅིག་བཅས་དམག་གཟིགས་མཛད་སྒོར་ཞུགས་ཡོད། 

ཉིན་དེར་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་བདུན་འགོར་བར་རྗེས་དྲན་བྱེད་པའི་དམག་གཟིགས་མཛད་སྒོ་དེ་ཨུ་རུ་སིའི་གྲོང་ཁྱེར་ཉེར་བརྒྱད་ནས་སྤེལ་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།