ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཕོ་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་པར་འཇབ་རྒོལ་ཐེབས་པའི་དོན་ལ་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཕོ་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ཨན་ཏི་ལེ་ཡེ་ཧྥུའུ་ལ་ཕོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ཡི་སུའུ་ལེན་དམག་མིའི་བང་སོར་མེ་ཏོག་འབུལ་བའི་མཛད་སྒོའི་སྟེང་འཇབ་རྒོལ་ཐེབས་པའི་ཐད་ནས་ཕོ་ལན་སྲིད་གཞུང་ལ་རྒོལ་གཏམ་དྲག་པོ་བཏང་། 

ཟླ་ལྔ་བའི་ཚེས་དགུ་ཉིན་ནི་སུའུ་ལེན་རྒྱལ་སྲུང་འཐབ་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དོན་བདུན་འགོར་བའི་རྗེས་དྲན་ཉིན་མོ་རེད། དྲ་རྒྱའི་བརྙན་རིས་ལས་མངོན་པ་ལྟར་ན། ཨན་ཏི་ལེ་ཡེ་ཧྥུའུ་ཡིས་ཉིན་དེར་སུའུ་ལེན་དམག་མིའི་བང་སོར་མེ་ཏོག་གི་ཕྲེང་བ་འབུལ་སྐབས། ངོ་རྒོལ་མཁན་གྱིས་ཁོ་དང་ཁོའི་རྗེས་འདེད་ཕྱི་འབྲེལ་དཔོན་པོའི་སྟེང་དུ་གཤེར་ཁུ་དམར་པོ་ཞིག་གཏོར་ནས་མེ་ཏོག་འབུལ་བར་བཀག་འགོག་བྱས་པ་རེད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་རང་གི་དྲ་ཚིགས་སུ་གསལ་སྒྲོག་སྤེལ་ནས། ཐལ་སྤྱོད་ཉེས་ཅན་གྱིས་ཕོ་ལན་གྱི་ཉེན་རྟོག་པར་ནུས་པ་ཅི་ཡང་མེད་པའི་གནས་ཚུལ་འོག་ཨན་ཏི་ལེ་ཡེ་ཧྥུའུ་སོགས་ཕྱི་འབྲེལ་མི་སྣར་དྲག་ཤུགས་སྤྱད་དེ། སུའུ་ལེན་དམག་མིའི་བང་སོར་སྤེལ་བའི་མེ་ཏོག་འབུལ་བའི་མཛད་སྒོར་གཏོར་བརླག་བྱས་པ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་ཕོ་ལན་གྱིས་ནཱ་ཚོས་དྲག་སྤྱོད་མཁན་ལ་ཀུ་ཡངས་གཏོང་བའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་དང་། ཕོ་ལན་ཕྱོགས་ཀྱིས་མྱུར་དུ་མེ་ཏོག་འབུལ་བའི་མཛད་སྒོར་རྩ་འཛུགས་བྱས་ཏེ་མཛད་སྒོ་དེ་བདེ་འཇགས་དང་དཀྲུག་འཕེན་གང་ཡང་མི་ཐེབས་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

ཕོ་ལན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་གཅིག་ལས་བཤད་རྒྱུར། དེ་ནི་འབྱུང་མི་འོས་པའི་ཡིད་འཕང་བའི་དོན་རྐྱེན་ཞིག་རེད། སྲིད་གཞུང་གིས་སྲིད་ཇུས་གང་འདྲ་ལག་བསྟར་བྱས་ཀྱང་ཕྱི་འབྲེལ་དཔོན་པོར་དམིགས་བསལ་གྱི་སྲུང་སྐྱོབ་ཐོབ་དགོས། ཕོ་ལན་སྲིད་གཞུང་གི་མགྲིན་ཚབ་པས་བཤད་རྒྱུར། ཕོ་ལན་སྲིད་གཞུང་གིས་ཨུ་རུ་སིའི་གཞུང་ཚབ་ཁང་ལ་སྔོན་བརྡ་བཏང་སྟེ། ཉིན་དེར་མངོན་གསལ་གྱིས་མེ་ཏོག་འབུལ་བར་ངོ་རྒོལ་ཐེབས་སྲིད་པ་སོགས་ཀྱི་ཉེན་ཁ་གསལ་བོར་བཤད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།