ཀྲུང་གོ་བོད་ཀྱི་དྲ་བ།

ཧང་ག་རིའི་ཙུང་ལི་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཉིས་ཀྱིས་ཨུ་རུ་སིའི་བཀག་སྡོམ་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་དགུ་ཉིན་པུའུ་ཏཱ་ཕའེ་སི་ནས་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་དམིགས་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་གནད་དོན་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་བཤད་ཀྱང་གྲོས་མཐུན་འགོད་ཐུབ་མེད། 

གྲོས་མོལ་བྱས་རྗེས་ཧྥུན་ཏི་ལའེ་ཨིན་གྱིས་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཁོ་མོས་ཨིག་ཨར་པན་དང་གྲོས་མོལ་བྱས་པ་དེ་བཀག་སྡོམ་དང་ནུས་ཁུངས་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་དག་འབུད་བྱེད་པར་ཕན་ཐོགས་ཡོད་པ་དང་། ང་ཚོས་གྲུབ་འབྲས་ངེས་ཅན་བླངས་ཀྱང་མུ་མཐུད་དུ་གྲོས་མོལ་བྱེད་དགོས་ཟེར། 

གྲོས་མོལ་ལ་ཞུགས་པའི་ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་ཞི་ཡཱ་ཨར་ཏའོ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཧང་ག་རིའི་ཕྱོགས་ཀྱིས་ཧྥུན་ཏི་ལའེ་ཨིན་ལ་ཡོ་རོབ་གླིང་མནའ་འབྲེལ་གྱི་སྐོར་ཐེངས་དྲུག་པའི་ཨུ་རུ་སིའི་བཀག་སྡོམ་བྱེད་ཐབས་ཀྱིས་ཧང་ག་རི་ལ་ཐེབས་སྲིད་པའི་ཤུགས་རྐྱེན་སྙན་ཞུ་ཞིབ་ཏུ་བྱས། ཁོས་བཤད་རྒྱུར། སྐོར་ཐེངས་འདིའི་བཀག་སྡོམ་འདི་ལས་ཧང་ག་རི་ལ་གནོད་དོན་ཆེན་པོ་འབྱུང་དུ་འཇུག་སྲིད་པ་དང་། ཧང་ག་རིའི་ནུས་ཁུངས་བདེ་འཇགས་ཐད་ཉེན་ཁ་འབྱུང་སྲིད་ཟེར། 

ཞི་ཡཱ་ཨར་ཏའོ་ཡིས་ནན་གྱིས་བསྟན་དོན། ཧང་ག་རི་ཡིས་གནད་དོན་དེ་དག་ལ་ཞིབ་འཇུག་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གནད་དོན་དེ་དག་ལ་ཐག་གཅོད་ཇུས་གཞི་འདོན་སྤྲོད་མ་བྱས་ན། ཧང་ག་རི་ཡིས་སྐོར་ཐེངས་འདིའི་བཀག་སྡོམ་ལ་རྒྱབ་སྐྱོར་བྱེད་ཐབས་མེད། ང་ཚོའི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཀྱང་ང་ཚོས་ལངས་ཕྱོགས་བསྒྱུར་དགོས་ན་ད་རུང་གྲོས་བསྡུར་མང་དུ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།