ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཨོ་ཏི་སཱ་རུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུས་ཞེ་ཨར་གྱིས་ཚེས་དགུ་ཉིན་ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱི་འགྲོ་རོགས་འོག ཝུའུ་ཁི་ལན་གྱི་གྲུ་ཁའི་གྲོང་ཁྱེར་ཨོ་ཏི་སཱ་རུ་འཚམས་འདྲི་བྱས། 

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མུས་ཞེ་ཨར་གྱིས་ཧྲི་མཱེ་ཅཱ་ཨར་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པ་དེ་ད་ལྟ་དང་མ་འོངས་པ་གང་ཡིན་ཡང་གཡོ་འགུལ་འབྱུང་མི་སྲིད་ཟེར། ཝུའུ་ཁི་ལན་གྱིས་མྱུར་མོར་བསྐྱར་འཛུགས་བྱ་བའི་མགོ་རྩོམ་དགོས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཝུའུ་ཁི་ལན་གྱི་བསྐྱར་འཛུགས་བྱ་བའི་ནང་ཞུགས་འདོད་ཡོད་ཟེར། 

མུས་ཞེ་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་རྡོ་སོལ་ལ་བརྟེན་པའི་སྣང་ཚུལ་བསྒྱུར་བར་ཐག་བཅད་པ་དང་། ཨུ་རུ་སིའི་རྡོ་སྣུམ་གཏན་འགོག་བྱེད་པར་ཡང་གྲོས་མཐུན་འགོད་ལ་ཉེ། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་སྣེ་ཁྲིད་མཁན་གཙོ་བོའི་རྒྱུ་ནོར་ཉར་འཇོག་བྱས་པ་དང་། གཞུང་བཞེས་བྱས་པའི་རྒྱུ་ནོར་དེ་དག་ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་བསྐྱར་འཛུགས་ཐད་བཀོལ་མིན་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཝུའུ་ཁི་ལན་སྲིད་གཞུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཧྲི་མཱེ་ཅཱ་ཨར་དང་མུས་ཞེ་ཨར་གྱིས་ད་རུང་ཝུའུ་ཁི་ལན་གྱི་ཞིང་ཞོར་ཐོན་རྫས་ཕྱིར་གཏོང་བྱེད་པའི་བྱེད་ཐབས་ལ་ཤུགས་སྣོན་པར་གྲོས་བསྡུར་བྱས། ཧྲི་མཱེ་ཅཱ་ཨར་གྱིས་བཤད་རྒྱུར། མིག་སྔར་གྲུ་གཟིངས་བདུན་ཅུ་ལྷག་ཝུའུ་ཁི་ལན་གྱི་གྲུ་ཁར་ཁེགས་ཡོད་པ་དང་། དེའི་ནང་གྲུ་གཟིངས་བཅུ་ཨོ་ཏི་སཱའི་གྲུ་ཁར་ཁེགས་ཡོད། ཝུའུ་ཁི་ལན་གྱིས་ཨ་ཧྥེ་རི་ཁ་གླིང་དང་ཨེ་ཤ་ཡཱ་གླིང་། ཡོ་རོབ་གླིང་བཅས་སུ་སྐྱེལ་རྩིས་ཡོད་པའི་ཞིང་ཞོར་ཐོན་རྫས་ཏུན་བྱེ་བ་དགུ་གྲུ་ཁ་བཀག་སྡོམ་བྱས་པའི་དབང་གིས་སྐྱེལ་ཐབས་མེད་ཟེར། ཁོས་བསྟན་དོན། གྲུ་ཁ་བཀག་སྡོམ་བྱས་པའི་དབང་གིས་ཝུའུ་ཁི་ལན་གྱི་ཕྱིར་གཏོང་སྦས་ཤུགས་ཕྱེད་ལྷག་ཇེ་དམའ་རུ་སོང་ཡོད་ལ། ཉིན་རེའི་དཔལ་འབྱོར་གྱི་གྱོང་གུད་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལས་བརྒལ་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།