ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་རིམ་བཞིན་ཨུ་རུ་སིའི་རྡོ་སྣུམ་ནང་འདྲེན་བྱེད་ཚད་ཇེ་ཉུང་དུ་གཏོང་བའམ་གཏན་འགོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། སྡེ་ཚོགས་དེའི་ཁོངས་གཏོགས་རྒྱལ་ཁབ་དག་རིམ་བཞིན་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་པའི་སྣང་ཚུལ་ལས་ཐར་ནས། རིམ་བཞིན་དུ་ཨུ་རུ་སིའི་རྡོ་སྣུམ་ནང་འདྲེན་བྱེད་ཚད་ཇེ་ཉུང་དུ་གཏོང་བའམ་གཏན་འགོག་བྱེད་རྒྱུ་ཁས་ལེན་བྱས། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་མཉམ་དུ་བརྙན་རིས་གྲོས་ཚོགས་བསྡུས་རྗེས་ཐུན་མོང་གསལ་སྒྲོག་སྤེལ་ནས། ཕྱོགས་སོ་སོས་གོང་གི་བྱེད་ཐབས་དེ་དུས་ལྟར་གོ་རིམ་ལྡན་པར་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་པ་དང་། ཞོར་དུ་རྒྱལ་ཁབ་སོ་སོར་ཚབ་བྱེད་ནུས་ཁུངས་འཚོལ་ཞིབ་བྱེད་པར་དུས་ཚོད་འདང་ཚིམས་པ་ཡོད་པར་འགན་སྲུང་བྱེད་དགོས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཨུ་རུ་སིར་གནད་འགག་ཞབས་ཞུ་འདོན་སྤྲོད་བྱེད་པ་གཏན་འགོག་དང་བཀག་འགོག་བྱེད་རྒྱུ་ཡིན་པ་དང་། ཨུ་རུ་སིའི་མི་སྒེར་གྱི་བཀག་སྡོམ་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཨུ་རུ་སིའི་དངུལ་ཁང་ལས་རིགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལྟར་ན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཝུའུ་ཁི་ལན་ལ་སྤྱིའི་རིན་ཐང་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བཞིའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད། སྡེ་ཚོགས་དེས་མུ་མཐུད་དུ་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། བརྡ་འཕྲིན་དང་དཔལ་འབྱོར། ནུས་ཁུངས་བདེ་འཇགས་བཅས་ཀྱི་ཐད་ནས་ཝུའུ་ཁི་ལན་བར་གྱི་མཉམ་ལས་རྒྱ་བསྐྱེད་རྒྱུ་ཡིན། མ་འོངས་པའི་གཟའ་འཁོར་འགའི་ནང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་ཝུའུ་ཁི་ལན་སྲིད་གཞུང་དང་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་དང་མཉམ་དུ་ཝུའུ་ཁི་ལན་གྱི་དུས་ཡུན་རིང་བོའི་སླར་གསོ་དང་བསྐྱར་འཛུགས་བྱ་བའི་ཇུས་གཞིར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།