ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དམག་དཔུང་གི་སྟོང་ཤོག་བཀོད་འདོམ་པུའུ་ཞིག་གཏོར་བཤིག་བཏང་བ་དང་། ཝུའུ་ཁི་ལན་གྱིས་ཨུ་རུ་སིའི་དམག་མི་བཞི་བརྒྱ་ཚར་གཅོད་བྱས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། འདས་པའི་ཞག་གཅིག་གི་རིང་ལ། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དམག་དཔུང་གི་ཧཱ་ཨར་ཁི་ཧྥུའུ་མངའ་སྡེའི་སྟོང་ཤོག་བཀོད་འདོམ་པུའུ་ཞིག་གཏོར་བཤིག་བཏང་ཡོད་ཟེར། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཚེས་བདུན་ཉིན་གཅིག་པར་ཨུ་རུ་སིའི་དམག་མི་བཞི་བརྒྱ་ཚར་གཅོད་བྱས་ཡོད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། འདས་པའི་ཞག་གཅིག་གི་རིང་ལ། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་དམག་དཔུང་གི་ཧཱ་ཨར་ཁི་ཧྥུའུ་མངའ་སྡེའི་སྟོང་ཤོག་བཀོད་འདོམ་པུའུ་ཞིག་གཏོར་བཤིག་བཏང་ཡོད་པ་དང་། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་སྦྲུལ་གླིང་ནས་ཝུའུ་ཁི་ལན་གྱི་མཁའ་དམག་གི་སུའུ-24རྟགས་ཅན་གྱི་འཐབ་འཛིང་འགས་གཏོར་གནམ་གྲུ་གཉིས་དང་མུས-24རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་གཅིག་སར་འཕངས་ཡོད་ཟེར། དེ་ལས་གཞན་ཝུའུ་ཁི་ལན་གྱི་མཚོ་དམག་གི་དམག་གྲུ་ཞིག་ཨོ་ཏི་སཱ་ས་ཁུལ་ནས་གཏོར་བཤིག་བཏང་ཡོད་ཟེར། 

ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཚེས་བདུན་ཉིན་གཅིག་པར་ཨུ་རུ་སིའི་དམག་མི་བཞི་བརྒྱ་ཚར་གཅོད་བྱས་ཡོད་པ་དང་། ཚེས་བརྒྱད་ཉིན་བར། ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་འཐབ་འཁྲུག་ལས་ཨུ་རུ་སིའི་དམག་མི་ཁྲི་གཉིས་དང་སྟོང་ལྔ་ལྔ་བརྒྱ་ལྷག་གི་སྲོག་ཤོར་བར་མ་ཟད།  ཐཱན་ཁི་འཁོར་ལོ་སྟོང་གཅིག་དང་བརྒྱ་དང་སུམ་ཅུ་དང་། ཁྲབ་ལྡན་འཁོར་ལོ་སྟོང་གཉིས་དང་བདུན་བརྒྱ་ཞེ་གཅིག མེ་སྒྱོགས་མ་ལག་ལྔ་བརྒྱ་དང་དགུ། སྦུག་མང་མེ་ཤུགས་སྒྱོགས་མདེལ་མ་ལག་བརྒྱ་དང་དོན་དགུ། མཁའ་སྲུང་མ་ལག་གྱ་དྲུག གནམ་གྲུ་བརྒྱ་དང་གོ་དགུ། གྱེན་འཕུར་གནམ་གྲུ་བརྒྱ་དང་ང་དྲུག་བཅས་གཏོར་བཤིག་བཏང་ཡོད་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བརྒྱད་ཉིན་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཁི་ལོ་ཏི་ཡཱའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་དང་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་སྲུང་དང་དཔལ་འབྱོར། ནུས་ཁུངས་མཉམ་ལས། དེ་མིན་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ། ཨུ་རུ་སིའི་བཀག་སྡོམ་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

ཝུའུ་ཁི་ལན་གྱི་ཙུང་ལི་ཧྲི་མཱེ་ཅཱ་ཨར་གྱིས་ཚེས་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོས་ཉིན་དེར་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་པེ་པེ་ཨར་པཱ་སི་དང་གྲོས་མོལ་བྱས་ཟེར། ཧྲི་མཱེ་ཅཱ་ཨར་གྱིས་བསྟན་དོན། འཇར་མན་གྱིས་ཝུའུ་ཁི་ལན་བསྐྱར་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་པའི་གནད་དོན་ཐད་ནས་ཝུའུ་ཁི་ལན་ཕྱོགས་ལ་རྒྱབ་སྐྱོར་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།