ཀྲུང་གོ་བོད་ཀྱི་དྲ་བ།

ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡིས་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡིས་ཚེས་བརྒྱད་ཉིན་ཝུའུ་ཁི་ལན་དུ་འཚམས་འདྲི་བྱས་ཏེ་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས། 

ཁཱ་ནཱ་ཏཱའི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བརྒྱད་ཉིན་སྤེལ་བའི་གསར་འགྱུར་ལྟར་ན། ཐི་ལུའུ་ཏའོ་ཡིས་ཉིན་དེར་ཁཱ་ནཱ་ཏཱའི་ཙུང་ལི་གཞོན་པ་ཧྥོ་ལི་ལན་དང་ཕྱི་འབྲེལ་བློན་ཆེན་རོའུ་ལེ་གཉིས་དང་མཉམ་དུ་ཝུའུ་ཁི་ལན་ལ་འཚམས་འདྲི་བྱས། ཐི་ལུའུ་ཏའོ་ཡིས་ཙེ་ལེན་སི་ཅི་དང་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་བསྒྲགས་བྱས་དོན། ཁཱ་ནཱ་ཏཱ་ཡིས་ཝུའུ་ཁི་ལན་ལ་རིན་ཐང་མེ་སྒོར་བྱེ་བ་བཞི་ཡིན་པའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མི་བསྡད་མེད་པའི་གནམ་གྲུའི་བརྙན་མིག་དང་། གསལ་ཚད་མཐོ་བའི་འཁོར་སྐར་བརྙན་རིས། མཚོན་ཆ་ཆུང་གྲས། དེ་མིན་མདེལ་དང་འགད་རྫས་སོགས་འདུས། དེ་ལས་གཞན་ཁཱ་ནཱ་ཏཱ་ཡིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་ལ་མེ་སྒོར་བྱེ་བ་གཉིས་འདོན་སྤྲོད་བྱས་ཏེ། ཝུའུ་ཁི་ལན་གྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཐི་ལུའུ་ཏའོ་ཡིས་བསྟན་དོན། ཁོས་གནས་སྐབས་སུ་ཝུའུ་ཁི་ལན་གྱི་ཐོན་རྫས་ཀྱི་ནང་འདྲེན་སྒོ་ཁྲལ་མེད་པར་གཏོང་བར་བསམ་བློ་གཏོང་བཞིན་ཡོད་པ་དང་། ཡུན་ཚད་ལོ་གཅིག་ཡིན་ཟེར། ཁོས་ད་རུང་ཁཱ་ནཱ་ཏཱ་ཡིས་ཨུ་རུ་སི་ལ་སྔར་ལས་མང་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་ངེས་ཡིན་ཟེར། 

ཉིན་དེར་ཐི་ལུའུ་ཏའོ་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་ཝུའུ་ཁི་ལན་དུ་སྡོད་པའི་ཁཱ་ནཱ་ཏཱའི་གཞུང་ཚབ་ཁང་གི་སྒོ་ཡང་བསྐྱར་འབྱེད་ནས་དར་ཆ་བསྒྲེངས་པའི་མཛད་སྒོར་ཞུགས། ཁཱ་ནཱ་ཏཱ་ཡིས་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་ཅི་ཧྥུའུ་རུ་ཡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་དང་། གཞུང་ཚབ་ཁང་གི་མི་སྣ་དག་ཕོ་ལན་དུ་འགྲོ་རུ་བཅུག་པ་རེད། 

གཞན་ཡང་ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཉིན་དེར་ཅི་ཧྥུའུ་ནས་ཐི་ལུའུ་ཏའོ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཁཱ་ནཱ་ཏཱ་ཡིས་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་གནད་དོན་ཐད་ནས་གྲོས་བསྡུར་བྱས། ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་ས་འོག་འགད་རྫས་གཙང་སེལ་བྱེད་པའི་མཉམ་ལས་ལ་གཅིག་གྱུར་ཡིད་འཐད་བྱུང་ཡོད། དེ་ལས་གཞན་ཙེ་ལེན་སི་ཅི་ཡིས་ཉིན་དེར་ད་རུང་ཐི་ལུའུ་ཏའོ་དང་མཉམ་དུ་ཅི་ཧྥུའུ་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་བརྙན་རིས་གྲོས་ཚོགས་ལ་ཞུགས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།