ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དབུས་ཕྱོགས་ས་ཁུལ་དུ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་དང་མི་བཞིར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་སི་རལ་དབུས་ཕྱོགས་ཀྱི་ཨེ་ལཱ་ཏི་གྲོང་ཁྱེར་དུ་ཉིན་དེའི་དགོང་མོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞིར་རྨས་ཕོག་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཇབ་རྒོལ་མཁན་གཉིས་ཡུལ་དངོས་ནས་བྲོས་བྱོལ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དེ་གཉིས་འཛིན་བཟུང་བྱེད་བཞིན་ཡོད་པར་མ་ཟད། དོན་རྐྱེན་བྱུང་སའི་ཉེ་འཁོར་གྱི་བགྲོད་ལམ་བཀག་སྡོམ་བྱས་ཡོད་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་གཉིས་ཀྱིས་ཉིན་དེར་གྲི་དང་སྟ་རེ་བཟུང་ནས་ཨེ་ལཱ་ཏི་གྲོང་ཁྱེར་གྱི་ལྟེ་གནས་སྤྱི་གླིང་ཉེ་འདབས་ནས་མི་སེར་དཀྱུས་མར་འཇབ་རྒོལ་བྱས་པ་དང་། ཉེས་ཅན་གྱི་ཐོབ་ཐང་ད་རུང་ངོས་འཛིན་བྱས་མེད་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཕུབ་ཆེན་དམར་པོ་ཞེས་པས་གསལ་སྒྲོག་སྤེལ་ཏེ། རྨས་མ་བཞི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་གཅིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

དབྱི་སི་རལ་གྱི་ཙུང་ལི་པེ་ནེ་ཐི་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་འཛིན་བཟུང་བྱས་ཏེ་ཁོ་ཚོར་དོན་དེར་འགན་ཁུར་དུ་འཇུག་དགོས་ཟེར། 

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་བསྒྲགས་བྱས་མེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།