ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཤུགས་ཆེན་པོས་ནེ་ཀྲི་རི་ཡཱའི་འཇིགས་སྐུལ་ངོ་རྒོལ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཞི་ཉིན་ནེ་ཀྲི་རི་ཡཱའི་རྒྱལ་ས་ཨ་པུའུ་ཅཱ་ནས་བསྟན་དོན། ཤུགས་ཆེན་པོས་ནེ་ཀྲི་རི་ཡཱའི་སྲིད་གཞུང་གི་མིག་སྔའི་འཇིགས་སྐུལ་ངོ་རྒོལ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནེ་ཀྲི་རི་ཡཱའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བྱས་ཏེ། འཇིགས་སྐུལ་འཇབ་རྒོལ་གྱི་ཤུགས་རྐྱེན་ཐེབས་པའི་སྡོད་ཁུལ་གྱི་བསྐྱར་འཛུགས་ཐད་རོགས་རམ་བྱེད་པའི་འབོད་སྐུལ་བཏང་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ནེ་ཀྲི་རི་ཡཱའི་ཙུང་ཐུང་པུའུ་ཧཱ་ལི་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས་སྐབས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་མེད་པར་གཏོང་བར་སྟོབས་དང་ལྡན་པའི་དམག་དོན་འགུལ་སྐྱོད་མཁོ་བར་མ་ཟད། དགོས་ངེས་ཀྱི་རྐྱེན་སྲོལ་བཙུགས་ནས་རང་གི་ཉེས་པ་ཡོ་བསྲང་བྱེད་འདོད་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དང་ལེན་དང་བསྒྱུར་བཀོད་བྱེད་པ་དང་། ཁོ་ཚོར་ཡང་བསྐྱར་སྤྱི་ཚོགས་སུ་ཞུགས་པའི་རེ་བ་མཐོང་དུ་བཅུག་ནས། འཇིགས་སྐུལ་རིང་ལུགས་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་མེད་པར་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་བཏང་སྟེ། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱེད་རྩིས་ཡོད་པའི་ནེ་ཀྲི་རི་ཡཱ་ལ་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་གི་རོགས་སྐྱོར་འཆར་གཞིའི་རྨང་གཞིའི་སྟེང་། ཡང་བསྐྱར་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔའི་མ་དངུལ་བསྡུས་ཏེ། ནེ་ཀྲི་རི་ཡཱའི་འཇིགས་སྐུལ་འཇབ་རྒོལ་གྱི་ཤུགས་རྐྱེན་ཐེབས་པའི་སྡོད་ཁུལ་གྱི་མི་ཆོས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་གནད་དོན་ཛ་དྲག་ཏུ་སོང་ཡོད་པ་དང་། ནེ་ཀྲི་རི་ཡཱ་དང་བཅས་པའི་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་པྲོག་གསར་གློ་ཚད་རིམས་ནད་མཇུག་སྒྲིལ་ནས་དཔལ་འབྱོར་སླར་གསོ་བྱེད་པའི་འཕེལ་རིམ་ལ་གནོད་པ་ཐེབས་ཀྱང་སྲིད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནེ་ཀྲི་རི་ཡཱ་སོགས་འགྲན་རྩོད་སྣ་ཚོགས་ལ་འཕྲད་པའི་རྒྱལ་ཁབ་ཀྱི་མི་ཆོས་རྒྱབ་སྐྱོར་ལ་འགྱུར་ལྡོག་འབྱུང་མི་སྲིད་ཟེར། 

པུའུ་ཧཱ་ལི་ཡིས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ཀྱིས་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་བཅས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒོལ་ལན་སྤྲོད་དགོས། ནེ་ཀྲི་རི་ཡཱའི་སྲིད་གཞུང་གིས་གོ་རིམ་ལྡན་པའི་སྒོ་ནས་རང་ཡུལ་དང་ཁ་བྲལ་བའི་མི་སྣའི་བཀོད་སྒྲིག་དང་མགོ་སྒུར་བའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་བསྒྱུར་བཀོད་བྱ་བར་སྐུལ་འདེད་གཏོང་བཞིན་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཚེས་གསུམ་ཉིན་ནེ་ཀྲི་རི་ཡཱ་རུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།