ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཙུང་ཐུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁ་པར་བརྒྱུད་དེ་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་མི་སྣ་བདེ་འཇགས་ངང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཞི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་ཁ་པར་བཏང་། ཙེ་ལེན་སི་ཅི་ཡིས་ཀུའུ་ཐི་ལོས་སི་ཡིས་མུ་མཐུད་དུ་མཱ་ལི་ཝུ་པའོ་ཨར་གྱི་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་མི་སྣ་ཕྱིར་འཐེན་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་ཞུ་བྱས། 

བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཁ་པར་གཏོང་སྐབས་ཀུའུ་ཐི་ལོས་སི་ཡིས་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་མི་སེར་དཀྱུས་མ་ཕྱིར་འཐེན་བྱེད་པའི་དོན་ལ་འབད་བརྩོན་བྱས་པར་བཀའ་དྲིན་ཞུས། ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཡཱ་སུའུ་རྣོ་ལྕགས་བཟོ་གྲྭའི་དུས་རིམ་དང་པོའི་མི་སྣའི་ཕྱིར་འཐེན་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། མི་སེར་དཀྱུས་མ་བརྒྱ་དང་ཉེར་གཅིག་ཕྱིར་འཐེན་བྱས་ཡོད་ལ། མུ་མཐུད་དུ་མི་སྣའི་ཕྱིར་འཐེན་བྱ་བ་བདེ་བླག་ངང་སྤེལ་བའི་རེ་བ་ཡོད་ཟེར། ཁོས་ད་རུང་ཀུའུ་ཐི་ལོས་སི་ཡིས་རྨས་ཕོག་པའི་མི་ཚང་མ་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ནས་ཕྱིར་འཐེན་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་ཞུ་བྱས། 

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མིག་སྔར་ཝུའུ་ཁི་ལན་ཕྱོགས་ཀྱི་རྨས་ལྗིད་མོ་ཕོག་པའི་མི་བཞི་བཅུ་ལྷག་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭར་བཀག་ཡོད་ཟེར། 

གཞན་ཡང་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་བཞི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་མའོ་སི་ཁོའི་དུས་ཚོད་ཚེས་ལྔ་དང་ཚེས་དྲུག ཚེས་བདུན་ཉིན་བཅས་ཀྱི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་དྲུག་བར་མི་ཆོས་རིང་ལུགས་ཀྱི་རྒྱུ་ལམ་བཏོད་ནས། མི་སེར་དཀྱུས་མ་དག་ཡཱ་སུའུ་རྣོ་ལྕགས་བཟོ་གྲྭ་ནས་ཕྱིར་འཐེན་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།