ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་གྱིས་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་བྱུང་ནས་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོ་ཕྱོགས་ཀྱི་མི་སྣར་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཨ་ཧྲི་ལཱ་ཧྥུའུ་ཡིས་ཟླ་ལྔ་པའི་ཚེས་གཅིག་ཉིན། ཕ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་དུ་སོང་ནས། ཁཱ་ལ་ཆི་སློབ་ཆེན་ཁུང་ཙི་སློབ་གླིང་གི་དུས་གཏོང་རླངས་འཁོར་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོ་ཕྱོགས་ཀྱི་མི་སྣར་མྱ་ངན་ཞུས།

ཨ་ཧྲི་ལཱ་ཧྥུའུ་ཡིས་བསྟན་དོན། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱིས་མི་ཆོས་ལས་འདས་པའི་འཇིགས་སྐུལ་རིང་ལུགས་ཀྱི་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན། ཁོས་ཕ་ཁི་སི་ཐན་གྱི་རྒྱལ་དམངས་གྲོས་ཚོགས་དང་ཕ་ཁི་སི་ཐན་མི་དམངས་ཀྱི་ཚབ་བྱས་ནས། ཀྲུང་གོ་མི་དམངས་ལ་འཚམས་འདྲི་ཟབ་མོ་བྱས་པར་མ་ཟད། ཕ་ཁི་སི་ཐན་མི་དམངས་ཀྱི་སེམས་པའང་ཀྲུང་གོ་མི་དམངས་དང་འདྲ་བར་ཧ་ཅང་སྐྱོ་སྣང་ཆེ་ཟེར།

ཨ་ཧྲི་ལཱ་ཧྥུའུ་ཡིས་བཤད་རྒྱུར། ཕ་ཁི་སི་ཐན་དང་ཀྲུང་གོ་གཉིས་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ལྟ་བུ་ཡིན། ཀྲུང་གོའི་གྲོགས་པོ་ལེ་དབར་སྟོང་གི་ལམ་ཐག་རིང་མོར་མ་འཛེམས་པར་ཕ་ཁི་སི་ཐན་དུ་ཡོང་ནས། མཉམ་ལས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏོང་བའི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅིང་། ཀྲུང་གོའི་གྲོགས་པོ་ནི་ཕ་ཁི་སི་ཐན་མི་དམངས་ཀྱིས་ཧ་ཅང་གུས་བཀུར་བྱེད་ཀྱིན་པའི་སྐུ་མགྲོན་ཞིག་ཡིན། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཡོངས་ཀྱི་སྤྱི་དགྲ་ཡིན་པ་དང་ཕ་ཁི་སི་ཐན་ཕྱོགས་ལའང་དེའི་གནོད་འཚེ་ཆེན་པོ་ཐེབས། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་མུ་མཐུད་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། ད་ཐེངས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་ལག་དམར་ནུས་ཤུགས་ཡོད་རྒུས་འཛིན་བཟུང་བྱས་ཏེ། ཀྲུང་གོའི་གྲོགས་པོ་ཚོའི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་བསྣན་ནས། དོན་རྐྱེན་དེའི་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བར་གཏོར་བརླག་གཏན་ནས་གཏོང་དུ་མི་འཇུག་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།