ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱོན་ཡོངས་ནས་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་མཉམ་དུ་མུ་མཐུད་ནས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཚེ་སྲོག་སྐྱོབ་པར་འབད་བརྩོན་བྱེད་ངེས་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལིན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་ཐུག་འཕྲད་བྱས། ཀུའུ་ཐི་ལོས་སི་ཡིས་བཤད་དོན།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱོན་ཡོངས་ནས་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་མཉམ་དུ་མུ་མཐུད་ནས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཚེ་སྲོག་སྐྱོབ་པར་འབད་བརྩོན་བྱེད་ངེས་ཡིན་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཉིན་དེར་བསྒྲགས་པའི་གསར་འགྱུར་ལྟར་ན། ཙི་ལིན་སི་ཅི་ཡིས་ཐུག་འཕྲད་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་སྟེང་ཀུའུ་ཐི་ལོས་སི་ཡིས་ཝུའུ་ཁི་ལན་དང་ཨུ་རུ་སིའི་གདོང་གཏུག་ཐད་བཟུང་བའི་ལངས་ཕྱོགས་དང་དེ་མིན་གནས་བབ་ཞི་འཇགས་སུ་གཏོང་བར་གྲོས་མོལ་དང་ནུས་པ་བཏོན་པར་བཀའ་དྲིན་ཆེ་ཞུས།  ཁོས་བཤད་དོན། མ་ལིས་ཝུའུ་པོ་ཨར་ཡ་སུའུ་རྣོ་ལྕགས་བཟོ་གྲྭར་སྔར་བཞིན་འགས་གཏོར་ཐེབས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་མ་ལིས་ཝུའུ་པོ་ཨར་གྱི་མི་རྣམས་ཕྱིར་འཐེན་བྱེད་པའི་གནད་དོན་ཐད་ནས་ཨུ་རུ་སི་ཕྱོགས་དང་བྲེལ་མྱུར་གྲོས་མོལ་བྱེད་འདོད་ཡོད་ལ། ཀུའུ་ཐི་ལོས་སི་གྲོས་མོལ་ལ་ཞུགས་ནས་མི་སྣ་ཕྱིར་འཐེན་བྱེད་པའི་གནད་དོན་ཐད་ལ་ནུས་པ་ཆེན་པོ་འདོན་དགོས།

ཀུའུ་ཐི་ལོས་སི་ཡིས་བཤད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁྱོན་ཡོངས་ནས་དམག་འཁྲུག་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་མཉམ་དུ་མུ་མཐུད་ནས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཚེ་སྲོག་སྐྱོབ་པ་དང་སྡུག་བསྔལ་སེལ་བར་འབད་བརྩོན་བྱེད་པ་དང་། དེའི་ནང་དུ་ནུས་པ་ལྡན་པའི་མི་ཆོས་རིང་ལུགས་ཀྱི་བར་ཁྱམས་སྲུང་འཛིན་བྱེད་པ་དང་དམག་འཁྲུག་མཚམས་འཇོག་པ་མངོན་འགྱུར་བྱེད་པ། མི་སེར་དཀྱུས་མར་དངོས་རྫས་ཁ་གསབ་བྱེད་པར་བདེ་འཇགས་ཐབས་ལམ་འདོན་སྤྲོད་བྱེད་པ་སོགས་འདུ། ཀུའུ་ཐི་ལོས་སི་ཡིས་བཤད་དོན། ཁོས་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྐབས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་རྩ་དོན་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་ཡ་སུའུ་རྣོ་ལྕགས་བཟོ་གྲྭའི་མི་སེར་དཀྱུས་མ་རྣམས་ཕྱིར་འཐེན་བྱེད་པའི་ཁྲོད་ཞུགས་པར་འཐད་པ་བྱུང་བ་དང་། འབྲེལ་ཡོད་ཕྱོགས་ཀྱིས་གྲོས་འགོ་བཏོན་པ་དེ་དངོས་འབེབས་བྱེད་པར་གྲོས་མོལ་བྱེད་བཞིན་ཡོད།

དེ་ལས་གཞན། ཕྱོགས་གཉིས་ཀྱིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཝུའུ་ཁི་ལན་གྱི་དམག་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ཁྲོད་ཞུགས་པ་དང་ཨུ་རུ་སིས་ཝུའུ་ཁི་ལན་གྱི་གྲུ་ཁ་བཀག་སྡོམ་བྱས་པ་མེད་པར་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་སྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།