ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་པུར་ཀ་རི་ཡཱ་དང་ཕོ་ལན་དུ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེ་ནས་བཟུང་པུར་ཀ་རི་ཡཱ་དང་ཕོ་ལན་དུ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཁང་གི་བློ་འདོན་པས་ཚེས་ཉེར་དྲུག་ཉིན་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་མཐའ་བསྐོར་ཐུབ་མེད་ཟེར། 

ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་མ་རྐང་ཀུང་ཟིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་ཉེར་དྲུག་ཉིན་བར། ཀུང་ཟི་དེར་པུར་ཀ་རི་ཡཱ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་རང་བྱུང་སོལ་རླངས་ཀུང་ཟིས་རྩིས་སྤྲོད་བྱས་པའི་ཟླ་བཞི་བའི་རང་བྱུང་སོལ་རླངས་ཀྱི་ཡོན་དངུལ་འབྱོར་མེད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་ནས་བཟུང་འབྲེལ་ཡོད་ལས་རིམ་གཞིར་བཟུང་ནས་ཡོན་དངུལ་རྩིས་སྤྲོད་བྱེད་རག་བར་དུ་གོང་གི་ཀུང་ཟི་གཉིས་ལ་རང་བྱུང་སོལ་རླངས་མཁོ་འདོན་བྱེད་མཚམས་འཇོག་རྒྱུ་ཐག་བཅད་ཟེར། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། རང་བྱུང་སོལ་རླངས་ཀྱི་ཡོན་དངུལ་སྤྲོད་པའི་དུས་ཚོད་བདའ་ལ་ཉེ་བ་དང་། གལ་ཏེ་རྒྱལ་ཁབ་ལ་ལས་ཨུ་རུ་སིའི་སྒོར་མོ་བཀོལ་ནས་རྩིས་སྤྲོད་བྱེད་པར་ཁས་ལེན་མ་བྱས་ན། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་གཞན་པའི་རང་བྱུང་མཁོ་འདོན་ཡང་མཚམས་འཇོག་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཚེས་ཉེར་བདུན་ཉིན་བདེན་དཔང་བྱས་དོན། ཉིན་དེར་སི་ཕན་གྱི་མཱ་ཏི་ལི་ནས་སྤེལ་བའི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་དམིགས་བསལ་ཚོགས་ཆེན་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་རྩ་འཛུགས་དེ་ལས་ཕྱིར་འབུད་པའི་གྲོས་གཞི་བཏོན་ཡོད་པ་དང་། ཚོགས་ཡུན་ཉིན་གཉིས་ཡིན་པའི་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་དམིགས་བསལ་ཚོགས་ཆེན་ཚེས་ཉེར་བདུན་ཉིན་བསྡུ་རྒྱུ་ཡིན་ལ། གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་ཞིག་ནི་ཨུ་རུ་སིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་འཇོག་མིན་ལ་གྲོས་བསྡུར་བྱེད་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།